རྒྱ་ནག་གི་སྲིད་བྱུས་ལ་བསྒྱུར་བ་གཏང་དགོས་ཟེར།
2012.11.30
༄༅། །དེ་ཡང་ ཕྱི་ཚེས་༢༡ ཉིན་German འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛན་ནས་སྤེལ་བའི་གསལ་བསྒྲགས་དེའི་ནང་དུ། རྒྱ་ནག་གུང་ཁྲན་ཏང་གིས་མ་འོངས་པའི་མི་རབས་གསར་པའི་འགོ་ཁྲིད་གཏན་འཁེལ་བྱས་ཟིན་པ་དང༌། སྲིད་འཛིན་གྱི་དབང་ཆ་ནས་འཕོས་འགྲོ་མཁན་རྒྱ་ནག་གི་སྲིད་འཛིན་Hu Jintao གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚགས་བརྟན་ལྷིང་བཟོ་རྒྱུ་དེ་ནི། རྒྱ་ནག་གིས་གདོང་ལེན་བྱེད་དགོས་པའི་གལ་ཆེའི་ལས་དོན་ཞིག་ཡིན་པ་ངོས་འཛིན་བྱས་ཡོད་ཅིང༌། དེ་ལྟར་ངོས་འཛིན་བྱས་པ་ལྟར་རྒྱ་ནག་རྒྱལ་ཁབ་ཀྱི་ལྐོག་ཟ་རུལ་སུང་དང༌། དབང་ཆ་བེད་སྤྱོད་ལོག་པར་བཏང་སྟེ་དྲག་གནོན་བྱེད་པའི་བྱ་སྤྱོད་དེ་ཚོ་བསྒྱུར་བཅོས་གཏོང་དགོས་ངེས་རེད་ཅེས་དང༌། ལྷག་དོན་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་དང༌། དེའི་ཁོངས་སུ་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་དང༌། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མེད་མཁན། དེ་མ་ཚད་གྲངས་ཉུང་མི་རིགས་ཁག་གི་ཐོག་ལ་འཛིན་པའི་སྲིད་ཇུས་ཡར་རྒྱས་གཏོང་དགོས་ཀྱི་རེད། ཉེ་འཆར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ལྕམ་Navi Pilly ཡིས། བོད་ནང་དུ་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་ཛ་དྲག་ཏུ་འགྲོ་བ་དེ་ནི་རྒྱ་ནག་གཞུང་གི་དྲག་གནོན་ལ་མི་བཟོད་པར་འུ་ཐུག་ཐབས་ཟད་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བར་ངོས་འཛིན་གནང་བ་དེར་ངོས་ནས་རྒྱབ་སྐྱོར་ཡོད་ལ། བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བའི་ཛ་དྲག་གི་དཀའ་ངལ་དེའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་རྟོགས་ཞིབ་ཆེད་དུ་རྒྱལ་སྤྱིའི་རྟོགས་ཞིབ་པ་བོད་ཀྱི་ས་ཁུལ་དུ་འགྲོ་བསྐྱོད་ཀྱི་རང་དབང་སྤྲོད་དགོས་པ་དང༌། བོད་ནང་གི་ཛ་དྲག་གི་དཀའ་ངལ་མཚམས་འཇོག་ཡོང་ཐབས་ལ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས། བོད་མི་ཚོར་རྒྱ་ནག་གི་ཁྲིམས་ལུགས་འོག་འདོད་བློ་མ་ཁེངས་པའི་ཚབས་ཆེའི་དཀའ་ངལ་མྱོང་བཞིན་པ་རྣམས་རྒྱ་ནག་གཞུང་གིས་ངོས་འཛིན་ཐུབ་པ་བྱས་ཏེ། བོད་མིའི་ཐོག་ལ་མི་ཆོས་དང་མཐུན་པའི་སྲིད་ཇུས་འཛིན་རྒྱུའི་བསམ་བློ་གཏོང་དགོས་ཀྱི་རེད་ཅེས་གསུངས་འདུག །