རྒྱ་ནག་གི་སྲིད་བློན་ལི་ཆང་འཇར་མ་ནིར་ཕེབས་རྒྱུར་རྒྱལ་སྤྱིའི་ཚོགས་པ་ཁག་གིས་ངོ་རྒོལ་གནང་པ།

2023.06.17
རྒྱ་ནག་གི་སྲིད་བློན་ལི་ཆང་འཇར་མ་ནིར་ཕེབས་རྒྱུར་རྒྱལ་སྤྱིའི་ཚོགས་པ་ཁག་གིས་ངོ་རྒོལ་གནང་པ།
ཨེ་ཨེཕ་པི།

རྒྱ་ནག་གི་སྲིད་བློན་ལི་ཆང་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་འཇར་མ་ནིའི་རྒྱལ་ས་སྦར་ལིན་དུ་འབྱོར་ཏེ་ཡུལ་དེའི་དཔོན་རིགས་དང་ལྷན་གྲོས་མོལ་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་ཅིང་།  དེ་ནི་རྒྱ་ནག་གི་སྲིད་བློན་ལི་ཆང་གིས་ཕྱི་ཟླ་གསུམ་པའི་ནང་སྲིད་བློན་གྱི་ལས་འཁུར་འགོ་བཙུགས་པའི་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་པ་ཐོག་མ་དེ་ཡིན་པ་རེད། 
ཕྱི་ཟླ་ ༦ ཚེས་ ༡༥ ཉིན་འཇར་མ་ནི་ནང་ཡོད་པའི་བོད་དོན་ལས་འགུལ་ཚོགས་པ་ཁག་དང་ཡུ་གུར་གྱི་ཚོགས་པ། ཧོང་ཀོང་གི་ཚོགས་པ་བཅས་ཚུད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༡༠ ལྷག་གིས་མཉམ་འབྲེལ་གྱིས་ཕྱི་ཚེས་ ༢༠ ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་དང་། རྒྱ་ནག་དང་འཇར་མ་ནིའི་དཔོན་རིགས་དབར་གྲོས་མོལ་གནང་བའི་སྐབས་འཇར་མ་ནིའི་དཔོན་རིགས་ཀྱིས་བོད་དང་ཡུ་གུར།  ཧོང་ཀོང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་རྣམས་གསལ་སྟོན་གནང་སྟེ་རྒྱ་ནག་གཞུང་གིས་ས་གནས་དེ་ཚོའི་ནང་འཛིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ཁག་མཚམས་འཇོག་དགོས་པའི་སྐུལ་མ་གནང་རྒྱུར་འབད་བརྩོན་གནང་དགོས་པ་ལས་ཚོང་དོན་ཁོ་ནའི་ཆེད་གྲོས་མོལ་གནང་མི་རུང་པ་མ་ཟད་། ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ཐོག་ཐུན་མོང་གི་སྲིད་བྱུས་འཛིན་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག  
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཇར་མ་ནིའི་ཡན་ལག་གི་འགན་འཛིན་ཀཡེ་མུ་ལུར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཚེས་ ༡༦ ཉིན་འགྲེལ་བརྗོད་གནང་དོན་དུ། འཇར་མ་ནི་གཞུང་གིས་རྒྱ་ནག་མཉམ་དུ་གྲོས་མོལ་སྐབས། བོད་དང་ཡུ་གུར་མི་རིགས། ཧོང་ཀོང་བཅས་ཀྱི་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་དམར་པོའི་སྲིད་བྱུས་ཀྱི་མཇུག་འབྲས་རྣམས་གསལ་སྟོན་ཐུབ་པ་བྱ་དགོས་པ་དང་། ཡུལ་ཁག་གཉིས་ཀྱི་དཔོན་རིགས་མཇལ་མོལ་གནང་རྒྱུའི་དུས་སྐབས་འདིབོད་ནང་དུ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ཁག་གླེང་སློང་བྱ་ཡུལ་གྱི་གླེང་སྟེགས་དང་གོ་སྐབས་ཡག་པོ་ཞིག་ཡིན་པས།  དེ་སྔ་འཇར་མ་ནིའི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་འབྲེལ་ལམ་བྱེད་སྟངས་ཐད་བརྡ་ལན་ནོར་པ་ཁག་ཅིག་བཏང་ཡོད་པ་ད་རེས་འདི་ལྟར་མུ་མཐུད་མི་ཡོང་བ་བྱ་དགོས་ཤིང་། རྒྱ་ནག་ཐོག་ལངས་ཕྱོགས་ཕྱི་གསལ་བྱེད་ཐུབ་པ་ཞིག་བྱ་དགོས་པ་རེད་ཅེས་གསུངས་བྱུང་།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འཇར་མཎ་བོད་དོན་ཚོགས་པ་ཚུད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐབ་ཐང་ཚོགས་པ་ཁག་ཐུན་མོང་གིས་སྤེལ་བའི་གསལ་བསྒྲགས་དེའི་ནང་ད་དུང་།  རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ནང་སོག་བཅས་ཀྱི་ནང་མི་རིགས་དང་རིག་གནས་རྩ་མེད་ཀྱི་སྲིད་བྱུས་འཛིན་བཞིན་པ་རྣམས་འཕྲལ་དུ་འཚམས་འཇོག་བྱ་དགོས་པ་དང་། རྒྱ་ནག་གིས་འཛིན་བཟུང་དང་བཙོན་འཇུག་བྱས་དང་བྱེད་བཞིན་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་སོགས་འཇར་མ་ནིའི་དཔོན་རིགས་ཀྱིས་རྒྱ་ནག་གི་སྲིད་བློན་དང་གྲོས་མོལ་གནང་བའི་སྐབས་ངེས་པར་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་འདུག
གསར་འགོད་པ། འཆིད་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎