སྲིད་སྐྱོང་མཆོག་གིས་ཡོ་རོབ་རྒྱལ་ཁབ་ཁག་གིས་བོད་དོན་ཆེད་ཁྲིམས་སྒྲིག་ཞིག་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་འདུག

2021.11.02
སྲིད་སྐྱོང་མཆོག་གིས་ཡོ་རོབ་རྒྱལ་ཁབ་ཁག་གིས་བོད་དོན་ཆེད་ཁྲིམས་སྒྲིག་ཞིག་གཏན་འབེབས་ཡོང་བའི་འབོད་སྐུལ་ཞུས་འདུག སུད་སིར་ཇི་ནི་ཝ་(Geneva Forum-2021)་བོད་དོན་གླེང་སྟེགས་ལྷན་ཚོགས་ཐེངས་བཞི་བའི་སྐབས། ༡༡།༠༢།༢༡
tibettv

སུད་སིར་ཇི་ནི་ཝ་(Geneva Forum-2021)་བོད་དོན་གླེང་སྟེགས་ལྷན་ཚོགས་ཐེངས་བཞི་བ་འདི་ཚེས་༢་བར་ཉིན་གཉིས་རིང་ཚོགས་སྐབས། རྐུན་ལ་ཤོར་བའི་བོད་ཀྱི་བྱིས་པ་སྟེ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་ཚོགས་ཆུང་གིས་བགྲོ་གླེང་གནང་ཡོད་པ་དང་། དམིགས་བསལ་ཚོགས་ཆུང་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མན་ཡན་ལག་ཁང་གི་འགན་འཛིན་(Kai Mueller) བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་བཅས་ནས་གྲུབ་པ་དང་། ཚོགས་ཐོག་ཏུ་མཁན་པོ་གཟིག་རྒྱབ་རིན་པ་ཆེ་ཡིས་༧པཎ་ཆེན་སྐུ་གོང་མ་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་སླད་དུ་བསྐྱངས་པའི་རླབས་ཆེན་མཛད་འཕྲིན་དང་། ༧རྒྱལ་མཆོག་ཡབ་སྲས་རྣམ་གཉིས་བར་གྱི་ཐོུང་མ་ཡིན་པའི་འབྲེལ་བའི་བྱུང་རིམ་རྒྱབ་ལྗོངས། རྒྱ་ནག་གཞུང་གི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་བབས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་སྐབས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ནི། གདན་ས་བཀྲིས་ལྷུན་པོ་ཁོ་ན་ཙམ་མིན་པར་བོད་སྤྱིའི་བསྟན་པ་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་དང་། གལ་ཏེ། རིན་པོ་ཆེ་གང་མགྱོགས་གློད་བཀྲོལ་ཡོང་བར་འབད་བརྩོན་མ་གནང་ཚེ་མ་འོངས་པར་བོད་བསྟན་པ་ཆབ་སྲིད་ལ་ཉེན་ཁ་ཆེན་པོ་ཆགས་རྒྱུ་ཡིན་སྐོར་སོགས་གསུངས་ཡོད།
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱལ་སྤྱིའི་གཞུང་ཁག་གི་ངོས་ནས་ཨ་རི་གཞུང་ལྟར་གཅིག་མཚུངས་ཐོག་ནས་བོད་དོན་ཆེད་ཁྲིམས་སྒྲིག་ཞིག་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས། རྒྱ་ནག་དམར་པོའི་གཞུང་གིས་༧གོང་ས་མཆོག་གི་མ་འོངས་པའི་༧སྐུའི་ཡང་སྲིད་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གིས་ངེས་པར་དུ་ཐུགས་སྣང་ཆེ་བཞེས་གནང་གལ་ཆེ་བ་དང་། བོད་མི་ཚོས་དུས་ནམ་ཡང་རྒྱ་གཞུང་ནས་བདམས་པའི་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ལ་ངོས་ལེན་གནང་གི་མ་རེད་ཅེས་ལྷན་ཚོགས་བརྒྱུད་ནས་རྒྱ་གཞུང་ལ་གསལ་པོ་བཟོ་རྒྱུ་ཡིན་ཞེས་གསུངས་པ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་དགུང་ལོ་དྲུག་ལ་ཕེབས་པའི་བྱིས་པ་ཞིག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་བཏང་བ་ནི། ཡ་ང་སྙིང་རྗེ་མེད་པའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཞིག་ཡིན་པར་གསུངས་ཏེ་རྒྱ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་བ་ཆབས་ཅིག རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་གི་ངོས་ནས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཤེས་རྟོགས་དང་གློད་བཀྲོལ་ཡོང་བར་ནུས་པ་མཉམ་སྤུངས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།
ཕྱི་ལོ་༢༠༢༡་ལོའི་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐེངས་བཞི་བ་ཉིན་གཉིས་རིང་ཚོགས་ནས་སྐུ་མགྲོན་ཚོས། གླེང་སྟེགས་ཀྱི་བརྗོད་གཞི་གཙོ་བོ། རྒྱ་ནག་གཞུང་གིས་ཁོང་ཚོའི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་ཁག་རྡོག་རོལ་གཏོང་བཞིན་པ་ཞེས་བའི་ཐད་གཏམ་བཤད་དང་དེ་བཞིན་ཆེད་མཁས་པས་བགྲོ་གླེང་སོགས་ཀྱི་གནང་རྗེས་མཇུག་སྒྲིལ་ཡོད་པ་དང་། མི་འགྱངས་བར་ལྷན་ཚོགས་ཀྱི་མཇུག་བསྡོམས་བསྒྲགས་གཏམ་ཞིག་སྤེལ་འཆར་ཡོད་པ་རེད།

གསར་འགོད་པ། ལྕགས་མོ་མཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎