རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཨ་རིར་འཚམས་གཟིཌ
2011.06.28
༄༅༎གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ནོར་སྲིད་བློན་ཆེན་ཀྲི་མ་ཐི་གའེ་ཐི་ནར་གྱིས་རྒྱ་གར་གྱི་མ་འོངས་པའི་དཔལ་འབྱོར་རྒྱ་སྐྱེད་ཇི་འདྲ་ཞིག་ཡོང་མིན་ནི་བཅོས་བསྒྱུར་གྱི་ཚད་གཞི་ལག་བསྟར་ཇི་འདྲ་ཞིག་བྱེད་མིན་ཐད་རག་ལུས་པ་ཞིག་རེད་ཅེས་གསུངས་འདུག།
རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་དེང་སྐབས་ཨ་མི་རི་ཀའི་ནང་འཚམས་གཟིགས་གནང་བཞིན་ཡོད་ཅིང་ གཟའ་ཟླ་བའི་ཉིན་ཨ་རིའི་ནོར་སྲིད་བློན་ཆེན་དང་མཇལ་འཕྲད་གནང་པ་དང་སྐབས་དེར་ ཨ་རིའི་ནོར་སྲིད་བློན་ཆེན་གྱིས་ ཨ་མི་རི་ཀ་དང་རྒྱ་གར་གཉིས་ནི་འཛམ་གླིང་ནང་གི་མང་གཙོའི་ཡུལ་གྲུ་ཆེ་ཤོས་གཉིས་པོ་དེ་ཡིན་པ་དང་ ཡུལ་གྲུ་གཉིས་དབར་ཐོུང་གི་དམིགས་ཡུལ་མང་དག་ཅིག་ཡོད་པ་གསུངས་པ་དང་སྦྲགས་ རྒྱ་གར་གྱི་ངོས་ནས་དཔལ་འབྱོར་བཅོས་བསྒྱུར་གྱི་ལས་གཞི་གསར་པ་ཞིག་སྤེལ་དགོས་པ་གསུངས་འདུག།
ཨ་རིའི་ནོར་སྲིད་བློན་ཆེན་ཀྲི་མ་ཐི་གའེ་ཐི་ནར་གྱིས་དེ་སྔོན་ད་ལྟའི་སྲིད་བློན་སྐུ་ཞབས་ མན་མོ་ཧན་སིངག་མཆོག་དཔལ་འབྱོར་གྱི་བློན་ཆེན་གནང་པའི་སྐབས་དཔལ་འབྱོར་བཅོས་བསྒྱུར་ཤུགས་ཆེ་ཞིག་གནང་པའི་གྲུབ་འབྲས་བཟང་པོ་ཞིག་རྒྱ་གར་ནང་ད་དུང་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཞིན་ མ་འོངས་པའི་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་པའི་བཅོས་བསྒྱུར་གྱི་ལས་གཞི་གསར་གཏོད་ངེས་པར་གནང་དགོས་སྐོར་གསུངས་ཡོད་པ་རེད།
རྒྱ་གར་ནི་མང་གཙོའི་ཡུལ་གྲུ་ཞིག་ཡིན་སྟབས་ གཞུང་གི་སྲིད་བྱུས་གསར་པ་ཇི་འདྲ་ཞིག་ངོ་སྤྲོད་གནང་ཡང་ཐོག་མར་གྲོས་ཚོགས་ནས་དེར་ཆོག་མཆན་ཐོབ་དགོས་ཀྱི་ཡོད་ཅིང་ ད་ལྟའི་རྒྱ་གར་གྱི་གཞུང་འཛིན་ཀོང་རེསི་ཚོགས་པའི་ངོས་ནས་ དངུལ་ཁང་ལམ་ལུགས་དང་ རྒན་ཕོགས་སོགས་ཀྱི་གནས་སྟངས་ལ་བཅོས་བསྒྱུར་གནང་རྒྱུའི་སྲིད་བྱུས་གྲོས་ཚོགས་ནང་ངོ་སྤྲོད་གནང་ཟིན་ཏེ་ གྲོས་ཚོགས་ཀྱི་མང་མོས་འབྱུང་མིན་ཐད་ངང་སྒུག་གནང་བཞིན་ཡོད་པ་རེད།
རྒྱ་གར་དང་ཨ་མི་རི་ཀའི་དབར་དཔལ་འབྱོར་ལམ་ལུགས་དང་འབྲེལ་བའི་གནད་དོན་འདི་དག་ཐད་བཀའ་མོལ་གནང་སྐབས་ ཨ་མི་རི་ཀ་དང་རྒྱ་ནག་དབར་གྲོས་མོལ་བྱེད་སྐབས་ཀྱི་དཀའ་རྙོག་གི་གནས་ཚུལ་དེ་རིགས་རྩ་བ་ནས་མེད་པར་ ཕན་ཚུན་གུས་བརྩི་དང་ཆེ་ཐོངས་ལྡན་པའི་ཁོར་ཡུག་གི་ཚོར་བ་ཞིག་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།