ཨ་རིའི་བདེ་སྲུང་དྲུང་ཆེས་རྒྱ་གར་ལ་བསྔགས་བརྗོད།
2010.01.19
༄༅༎ཨ་རིའི་བདེ་སྲུང་དྲུང་ཆེ་རོ་སྦ་ཏེ་གེཏ་སི་(Robert Gates)མཆོག་གིས་ཕྱི་ལོ་༢༠༠༨ལོའི་པཀིསི་ཏན་གྱི་འཇིགས་སྐུལ་དྲག་སྤྱོད་པས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའི་ནང་གཏོར་རྒོལ་ཧ་ཅང་གི་ཆེན་པོ་ཞིག་བཏང་ཡང་རྒྱ་གར་ངོས་ནས་ད་བར་བཟོད་བསྲན་གནང་བབས་དེ་ནི་བསྔགས་བརྗོད་འོས་པ་ཞིག་ཡིན་སྐོར་གསུང་འདུག
ཁོང་གིས་གསར་འགོད་པར་མུམ་སྦའི་ནང་གི་གཏོར་རྒོལ་དེ་ཧ་ཅང་གི་བློ་འཚབ་སྐྱེས་གཞི་ཡིན་ཡང་རྒྱ་གར་གཞུང་ངོས་ནས་ད་བར་དེའི་ཐོག་ཧ་ཅང་གི་བཟོད་བསྲན་དང་བློ་གྲོས་ལྡན་པའི་ཐོག་ཕྱག་ལེན་བསྟར་ཡོད་པ་རེད་ཅེས་གསུང་འདུག ཡང་ཁོང་གིས་དེ་ལྟ་བུའི་གཏོར་རྒོལ་དང་ཕན་ཚུན་དོགས་གཞི་ཆེན་པོ་བཟོས་པའི་གནས་སྟངས་འོག་ཕྱོགས་གཉིས་ཀས་དཀའ་རྙོགས་དེ་ཇེ་ཆེར་མ་བཏང་བར་སྟངས་འཛིན་ཐུབ་པ་ཞིག་གནང་ཡོད་པ་རེད་ཅེས་གསུང་འདུག ཨ་རིའི་བདེ་སྲུང་དྲུང་ཆེ་གེཏ་སི་མཆོག་རྒྱ་གར་ནང་ཉིན་གཉིས་རིང་རྒྱ་གར་གྱི་དཔོན་རིགས་ལྷན་དུ་པཀིསི་ཏན་དང་ཨཕ་ག་ནིསི་ཏན་ཡུལ་གཉིས་ནས་འཇིགས་བསྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བཞིན་པའི་གནད་དོན་ཐོག་གྲོས་མོལ་གནང་བར་ཕེབས་ཡོད་པ་རེད་ ཁོང་གིས་རྒྱ་གར་གྱི་དུས་བབ་(Times of India)ཅེས་པའི་གསར་ཤོག་ནང་རྩོམ་བྲིས་ཞིག་སྤེལ་བའི་ནང་ཨ་རི་དང་རྒྱ་གར་གྱི་ཡུལ་གཉིས་ནི་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་འོག་མིའི་ཚེ་སྲོག་ག་ཚོད་ཤོར་བ་གསལ་པོ་མཁྱེན་མཁན་གྱི་རྒྱལ་ཁབ་གཉིས་ཆགས་ཡོད་པ་རེད་ཅེས་བྲིས་གནང་ཡོད་པ་རེད་ རེས་གཟའ་མིར་དམར་ཉིན་ཁོང་གིས་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་(Manmohan Singh)མཆོག་དང་ཕྱི་སྲིད་བློན་ཆེན་ཨེ་སི་ཨེམ་ཀི་རིཤ་ན་(S.M. Krishna)རྣམ་གཉིས་དང་མཇལ་མོལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད་