ར་ཧུལ་གནྡི་གཞུང་འཛིན་ཚོཊ་པའི་དབུ་འཁྲིར་སླེབས་སྲིད་པ།
2011.08.05
༄༅༎རྒྱ་གར་ནང་གཞུང་འཛིན་ཀོངྒྷེས་ཚོགས་པའི་དབུ་འཁྲིད་ཀྱི་གོ་གནས་ཐོག ད་ལྟ་ཚོགས་པ་དེའི་དྲུང་ཆེ་གནང་བཞིན་པའི་ར་ཧུལ་གནྡི་མགྱོགས་མྱུར་སླེབས་བཟོ་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
དེ་ཡང་འདས་པའི་དུས་ཡུན་གང་མཚམས་རིང་ཚོགས་པ་དེའི་དབུ་འཁྲིད་ཀྱི་མཛད་འགན་དེ་ར་ཧུལ་གནྡི་ཡི་ཨ་མ་སོ་ནི་ཡ་གནྡི་ཡིས་བཞེས་ཡོད་ཀྱང༌། ཉིན་ཤས་གོང་ལྕམ་སོ་ནི་ཡ་གནྡི་ནད་གནར་གྱུར་ཏེ་ཨ་རིའི་ནང་སྨན་བཅོས་སུ་ཕེབས་དགོས་པའི་གནས་ཚུལ་བྱུང་བའི་རྗེས། ཁོང་གི་ལས་ཚབ་ཏུ་མི་སྣ་བཞི་བསྐོ་བཞག་གནང་ཡོད་པའི་ཁོངས་སུ་ར་ཧུལ་གནྡི་ཡང་ཡོད་པར་སོང༌། རྒྱ་གར་གྱི་ཆབ་སྲིད་ཉམས་ཞིབ་པ་ཁག་ཅིག་གིས། ད་ལམ་ར་ཧུལ་གནྡི་གནས་སྤར་བྱས་པ་དེ་ནི། ཁོང་རིམ་པས་ཀོངྒྲེས་ཚོགས་པའི་ཚོགས་གཙོའི་གོ་གནས་ཐོག་བསྐྱེལ་རྒྱུའི་སྔོན་འགྲོའི་གོམ་སྟབས་ཤིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་པ་དེ་ལྟར་ཡང༌། རྒྱ་གར་གྱི་སྤྱི་ཚོགས་ནང་ར་ཧུལ་གནྡི་ནི་ལོ་ན་ཆུང་ཞིང་ཆབ་སྲིད་ཀྱི་ཉམས་མྱོང་དེ་ཙམ་མེད་པ་ཞིག་ཡིན་པའི་ངོས་འཛིན་ཀྱིས། གལ་ཏེ་ཁོང་གཞུང་འཛིན་ཚོགས་པའི་དབུ་འཁྲིད་ཀྱི་གོ་གནས་ཐོག་བསྐྱེལ་པ་ཡིན་ཚེ། ད་ཆ་ཚོགས་པ་དེའི་ཐོག་འཕྲད་བཞིན་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྙོག་གླེང་ཤིན་ཏུ་མང་པོ་ཡོད་པ་དེ་དག་སེལ་རྒྱུའི་ཚབ་ཏུ་ སྡུག་ཏུ་འགྲོ་ཉེན་ཡོད་པའི་བློ་འཚབ་བྱེད་མཁན་ཡང་ཡོང་གི་ཡོད་འདུག
དེ་ཡང་ཉེ་ལམ་ཞིག་ནས་བཟུང་ཀོངྒྲེས་ཚོགས་པའི་ཆེས་མཐོའི་དབུ་འཁྲིད་ཁག་ཅིག་གི་ཐོག་ལྐོག་ཟའི་སྐྱོན་འཛུགས་ཕོག་སྟེ། འགའ་ཤས་དགོངས་པ་ཞུ་དགོས་པ་དང༌། འགའ་ཤས་འཛིན་བཟུང་གིས་བཙོན་འཇུག་ཉེས་ཆད་འཁུར་བཞིན་ཡོད་པ་མ་ཟད། འདི་ཚེས་ ༤ ཉིན་རྩིས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང༌། ཕྱི་ལོ་ ༢༠༡༠ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐོང་འཚོགས་བྱས་པའི་ཨེ་ཤེ་ཡའི་རྩེད་འགྲན་ཆེན་མོ་གོ་སྒྲིག་བྱེད་མཁན་གྱི་ལས་ཀྱི་སྣེ་མོ་བ་ཁག་ཅིག་གིས་གཞུང་དངུལ་ཕོན་ཆེ་ལྐོག་ཟ་བྱས་པའི་གནས་ཚུལ་ཐོན་པ་དེའི་ཐད། སྲིད་བློན་ལས་ཁུངས་ཀྱིས་སྟངས་འཛིན་ཚགས་ཚུད་བྱུང་མེད་སྐོར་གསལ་ཡོད་པར་བརྟེན། གནད་དོན་འདིའི་ཐད་ཕྱོགས་འགལ་ཚོགས་པས་གྲོས་ཚོགས་ནང་རྩོད་གླེང་བྱེད་རྒྱུ་ཡིན་པ་ངེས་པ་ཞིག་ཡིན་པར་སོང༌། ཆབ་སྲིད་ཀྱི་དཀའ་རྙོག་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་འདིར། གཞུང་འཛིན་ཚོགས་པའི་དབུ་འཁྲིད་ཀྱི་གོ་གནས་ཐོག ཉམས་མྱོང་དེ་ཙམ་མེད་པའི་ར་ཧུལ་གནྡི་བསྐོ་གཞག་བྱས་པ་ཡིན་ན། རྒྱལ་ཁབ་ནང་དཀའ་ངལ་དེ་བས་ཆེ་བ་ཡོང་བཟོ་ཡོད་པའི་བློ་འཚབ་བྱེད་མཁན་ཡང་ཡོད་པའི་འགྲེལ་བརྗོད་བྱས་འདུག།
ཡང་གནས་ཚུལ་ནང་མུ་མཐུད་འཁོད་གསལ་ལ་གཞིགས་ན། ཉེ་ལམ་ནད་གནར་གྱུར་བའི་ལྕམ་སོ་ནི་ཡ་གནྡི་ཡི་ལས་ཚབ་ཏུ། མི་སྣ་བཞི་བསྐོ་གཞག་བྱས་པའི་ཁོངས་ནས་ མི་སྣ་གཞན་གསུམ་པོ་དེ་དག་ནི། ད་བར་ཀོངྒྲེས་ཚོགས་པའི་དྲུང་ཆེའི་མཛད་འགན་བཞེས་མཁན་ཇོ་ནར་ཌེན་ཌི་ལྦི་ལྦེ་ཌི་དང༌། ཆབ་སྲིད་དྲུང་ཆེ་ཨེ་མེརྡ་པ་ཀྲེལ་རྒྱལ་སྲུང་བློན་ཆེན་ཨེ་ཀེ་ཨེན་ཐོ་ནི་བཅས་ཡིན་འདུག།