འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོའི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ།

2021.06.11
འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོའི་ཚོགས་ཆེན་ཐོག་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ། འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པ། ༦།༡༡།༢༡
Reuters

ཨ་རིའི་སྲིད་འཛིན་གཙོས་འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པས་བོད་དོན་གླེང་དགོས་བ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་སྐུལ་གནང་འདུག
འདི་ཚེས་༡༡་ནས་༡༣་བར་དབྱིན་ཡུལ་དུ་འཛམ་གླིང་གི་ཡར་ཐོན་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཚོགས་བཞིན་པ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཞུ་སྐུལ་གནང་བའི་ནང་། ཨ་རིའི་སྲིད་འཛིན་གཙོས་འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པས་ད་རེས་ཀྱི་ལྷན་ཚོགས་ཐོག རྒྱ་ནག་གི་ཚུལ་མིན་བྱ་སྤྱོད་ལ་གདོང་ལེན་ཐད་བཀའ་སྡུར་གནང་ཞོར། ཨེ་ཤེ་ཡའི་ནང་གི་གནད་དོན་དང་འབྲེལ་ནས་བོད་དོན་གླེང་སློང་གནང་དགོས་པ་དང་། རྒྱ་ནག་དང་འབྲེལ་བའི་གནད་དོན་གླེང་སྐབས་བོད་རྒྱ་ཞི་མོལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་དགོས་བའི་ཞུ་སྐུལ་གནང་འདུག
ཞུ་སྐུལ་དང་མཉམ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལོ་འདིའི་ལོ་སྟོད་དུ་ཨ་རིའི་རང་དབང་གི་ཁང་པ་ཞེས་པའི་སྙན་ཐོའི་ནང་བོད་དེ་རྒྱལ་སྤྱིའི་ཐོག་རང་དབང་མེད་པའི་ཡུལ་གྲུ་ཆེས་སྡུག་ཤོས་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གཞུང་ཚབ་མི་སྣ་དང་། གྲོས་ཚོགས་ཀྱི་འཐུས་མི། གསར་འགོད་པ་སོགས་བོད་ནང་འགྲོ་བསྐྱོད་བཀག་སྡོམ་བྱེད་བཞིན་པ་རེད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ནང་དུ་གཞི་རྒྱ་ཆེ་ཞིང་འཆར་གཞི་དང་ལྡན་པའི་ངང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་སློང་དགོས་པ་བརྗོད་འདུག
ད་དུང་ཞུ་ཡིག་དེའི་ནང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་དེ་བཞིན་ལྷོ་ཤར་ཨེ་ཤེ་ཡ་ས་ཁུལ་གྱི་ས་མཚམས་ཀྱི་བདེ་འཇགས་དང་། ཆུ་ཡི་བདེ་འཇགས། ཞི་བདེའི་བརྟན་བརླིང་བཅས་དང་ལྡོག་ཏུ་མེད་པའི་འབྲེལ་བ་ཆགས་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་གྱིས་རྒྱ་ནག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་བསམ་འཆར་ཡིག་ཆ་ཞིག་ཕུལ་ནས། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་བྱུང་ཚེ་བོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་གནས་རྒྱུ་ཡིན་པ་འཁོད་ཡོད་པ་རེད་འདུག
ཕྱི་ཚེས་༡༡་རེས་གཟའ་པ་སངས་ཉིན་(Carbis Bay)་ཞེས་དབྱིན་ཡུལ་གྱི་ལྷོ་ནུབ་སུ་ཆགས་པའི་མཚོ་ཁའི་གྲོང་ཁྱེར་དུ། འཛམ་གླིང་གི་འབྱོར་ལྡན་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་འཁྲིད་རྣམ་པའི་ཉིན་གསུམ་གྱི་ཆེས་མཐོའི་ལྷན་ཚོགས་འགོ་འཛུགས་གནང་ཡོད་པ་རེད། ཚོགས་འདུ་དབུ་འབྱེད་ཉིན། དབྱིན་ཡུལ་གྱི་སྲིད་བློན་(Boris Johnson)་ལགས་ཀྱིས། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས། རྒྱལ་སྤྱིའི་ཁྱོན་ཡོངས་སུ་དཀའ་ངལ་དང་དོ་ཕོག་བྱུང་ཡོད་པ་གསལ་སྟོན་གནང་ནས། ད་རེས་འཛམ་གླིང་ཐོག་གི་ཚད་མཐོའི་འཕྲུལ་རིག་ལག་རྩལ་དང་དམངས་གཙོའི་ལམ་ལུགས་ལྡན་པའི་ཡར་ཐོན་རྒྱལ་ཁབ་བདུན་གྱི་ལྷན་ཚོགས་འདིའི་ཐོག་འཛམ་གླིང་ཁྱོན་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་སྨན་ཁབ་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱ་ཐབས་གནང་གལ་ཆེ་བ་གསུངས་ཡོད་པ་རེད།
ལྷན་ཚོགས་ཀྱི་སྔ་རོལ་དུ་ཨ་རིའི་སྲིད་འཛིན་(Biden)་ལགས་ཀྱིས། འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་ཆེད་དུ་དམིགས་ནས་ཨ་རིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ས་ཡ་༥༠༠་ཐམ་པ་བགོ་འགྲེམས་གནང་རྒྱུའི་ཁས་ལེན་གསལ་བསྒྲགས་གནང་ཡོད་པ་དང་། འདི་ཚེས་༡༡་ཉིན་དབྱིན་ཡུལ་གྱི་སྲིད་བློན་མཆོག་གིས་ཀྱང་དབྱིན་ཡུལ་གྱི་ངོས་ནས་དབུལ་ཕོངས་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་ས་ཡ་༡༠༠་བགོ་འགྲེམས་གནང་རྒྱུའི་ཁས་ལེན་གནང་པ་སོགས་ཁྱོན་འབྱོར་ལྡན་རྒྱལ་ཁབ་བདུན་ནས་༢༠༢༢་ནང་ཚུད། འཛམ་གླིང་གང་སར་དགོས་ངེས་ཅན་གྱི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་ཐེར་འབུམ་ཅིག་གྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་འཆར་ཡོད་པ་རེད།
དེ་ཡང་ཟླ་བ་སྔོན་མར་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་ཐོག རྒྱ་ནག་གཞུང་གིས་ཤིན་ཅང་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སེམས་ཚབས་ཡོད་པ་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎