སྟོབས་ཆེན་རྒྱལ་ཁབ་༢༠ ཡིས་འཇིགས་སྐུལ་དང་དྲག་ཤུགས་ལ་བརྟེན་ནས་གཞན་གྱི་མངའ་ཁོངས་དང་བདག་དབང་ལ་གནོད་སྐྱོན་བཏང་ན་འགྲིག་ཐབས་མེད་པ་མང་མོས་ཐོག་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་འདུག

ལེགས་སྦྱར་སྐད་དུ་Vasudhaiva Kutumbakam ཞེས་འཛམ་གླིང་འདི་ཁྱིམ་ཚང་གཅིག་ཡིན་ཞེས་པའི་བརྗོད་ཚིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་བའི་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་G20 དེ་བཞིན་འདི་ཚེས་༡༠ ཉིན་འཇུག་སྒྲིལ་གནང་སྟེ། ཡོངས་ཁྱབ་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་། སྟོབས་ཆེན་རྒྱལ་ཁབ་༢༠ ཡི་འགོ་ཁྲིད་ཚོ་ནི། འཛམ་གླིང་གཅིག ཁྱིམ་ཚང་གཅིག མ་འོངས་མདུན་བསྐྱོད་གཅིག་གི་ཐོག་མཉམ་སྤྱོད་བྱེད་རྒྱུ་ཡིན་པ་བསྒྲགས་ནས། དེ་རིང་ང་ཚོས་ཐག་གཅོད་གང་བྱས་པ་དེ་མ་འོངས་པའི་འཛམ་གླིང་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་མ་ཟད། ད་ལྟའི་ཆར་འཛམ་གླིང་ནང་དམག་འཁྲུག་དང་རྩོད་རྙོག་འབྱུང་བཞིན་པ་ཁག་ལ་ཧ་ཅང་གིས་བློ་འཚབ་ཡོད་པ་བརྗོད་དེ། Ukraine ཡོ་ཀེ་རན་དམག་འཁྲུག་གི་སྐོར་རྒྱལ་ཁབ་༢༠ ཡིས་དེ་སྔོན་སྦ་ལི་(Bali) རུ་གོ་བསྡུར་བྱས་པར་ཕྱིར་དྲན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་རྒྱལ་ཁབ་སོ་སོའི་ལངས་ཕྱོགས་དང་གྲོས་ཆོད་ཁག་ནན་བརྗོད་བྱས་འདུག་པ་མ་ཟད། ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་དང་མཐུན་པའི་སྒོ་ནས་འཇིགས་སྐུལ་དང་དྲག་ཤུགས་ལ་བརྟེན་ཏེ་གཞན་གྱི་མངའ་ཁོངས་དང་བདག་དབང་། དེ་བཞིན་རང་བཙན་ལ་གནོན་སྐྱོན་བཏང་ན་འགྲིག་ཐབས་མེད་པ་མ་ཟད། ངེས་པར་དུ་སྔོན་འགོག་བྱེད་དགོས་པ་བརྗོད་འདུག འོན་ཀྱང་། གོང་ཞུས་བསྒྲགས་གཏམ་ནང་། དྲག་ཤུགས་བརྒྱུད་ནས་གཞན་གྱི་མངའ་ཁོངས་ཀྱི་ཁེ་ཕན་རྩོད་ལེན་བྱས་པར་ངོ་རྒོལ་ཡོད་ཚུལ་བརྗོད་པ་ལས། ཐད་ཀར་ར་ཤི་ཡའི་བཙན་འཛུལ་སྐོར་གླེང་སློང་བྱས་མེད་པ་རེད།
གནད་དོན་དེའི་ཐད་རྒྱ་གར་རྒྱལ་ས་ལྡིར་ལིར་རྟེན་གཞི་བྱས་པའི་Observer Research Foundation ཉམས་ཞིབ་ལྟེ་གནས་ཁང་གི་ཚོགས་གཞོན་དང་ཕྱི་སྲིད་ཉམས་ཞིབ་པ་སྐུ་ཞབས་Harsh Pant ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། “ནུབ་ཕྱོགས་དང་ར་ཤི་ཡ་གཉིས་དབར་འགལ་ཟླ་རྣོ་ངར་ཅན་གྱི་དུས་སྐབས་འདིར། རྒྱ་གར་ནི་གལ་འགངས་ཆེན་པོ་ཆགས་ཡོད་ལ། ཕྱོགས་གཉིས་དབར་བར་འདུམ་བྱེད་ཐུབ་པའི་ནུས་པ་དེ་ཡང་རྒྱ་གར་ལ་ཡོད། མང་པོ་ཞིག་གིས་ད་རེས་ཚོགས་ཆེན་ཐོག་མང་མོས་ཀྱི་ཐོག་ནས་བསྒྲགས་གཏམ་སྤེལ་རྒྱུ་ཁག་པོ་ཡིན་པ་ཚོད་དཔག་གནང་ཡོད་ཀྱང་། མཐའ་མ་དེར་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་དེ་སྤེལ་ཐུབ་པ་བྱུང་ཡོད། འོན་ཀྱང་། དེའི་ནང་ར་ཤི་ཡ་ལ་ཐད་ཀར་ཚིག་རྩུབ་དང་སྐྱོན་བརྗོད་རིགས་བྱས་མེད་པ་གསལ་པོ་རེད་ལ། ར་ཤི་ཡའི་ངོས་ནས་ཀྱང་། བསྒྲགས་གཏམ་གྱི་ནང་དུ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་དང་འབྲེལ་བའི་འཇིགས་སྐུལ་རིགས་བྱེད་མི་ཆོག་པའི་གནོད་དོན་དེ་ཡང་ཁས་ལེན་བྱས་ཡོད་པས། གང་ལྟར་ད་རེས་བསྒྲགས་གཏམ་ནང་དུ་ཕྱོགས་གཉིས་ཀའི་དགོས་མཁོ་མང་པོ་ཞིག་གླེང་ཐུབ་པ་བྱུང་ཡོད་”ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཐེངས་འདིའི་རྒྱལ་༢༠ ཡི་ཚོགས་ཆེན་ཐོག་ཡོངས་གྲགས་ཀྱི་གནས་ཚུལ་ཅིག་ནི། རྒྱལ་ཁབ་༥༥ ལས་གྲུབ་པའི་ཨ་ཕྷི་རི་ཀའི་མཐུན་ཚོགས་(African Union ) དེ་བཞིན་G20 གྱི་ཚོགས་མིའི་ཁོངས་སུ་བཅུག་པ་སྲིད་བློན་མོ་དྷི་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་མ་ཟད། ཚོགས་ཆེན་དབུ་འབྱེད་མཛོད་སྒོའི་ཐོག་སྲིད་བློན་མོ་དྷིས་གསུང་བཤད་གནང་བའི་ནང་། “ཏོག་དབྱིབས་ནད་དུག་དང་ཡུ་ཀེ་རན་དམག་འཁྲུག་སོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། རྒྱལ་ཁབ་ཕན་ཚུན་དབར་གྱི་ཡིད་ཆེས་དང་འབྲེལ་ལམ་སོགས་ཇེ་སྡུག་ཏུ་སོང་བའི་དུས་སྐབས་འདིར། ཚང་མས་མཉམ་རུབ་ཀྱིས། ནུས་ཤུགས་གོང་འཕེལ་དང་། བདེ་འཇགས་སྲུང་སྐྱོབ། དྲག་སྤྱོད་རིང་ལུགས་ལ་ཕར་རྒོལ། དེ་བཞིན་འཕྲོད་བསྟེན་ཡར་རྒྱས་སོགས་ཀྱི་ཐོག་ཤུགས་གནོན་རྒྱག་དགོས་པ་”འབོད་སྐུལ་ཞུས་གནང་ཡོད་པ་རེད།
ཡང་ད་རེས་ཚོགས་ཆེན་ཐོག་རྒྱལ་ཁབ་ཚང་མས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཕྱིན་ཏེ། ཚ་དྲོད་མུ་མཐུད་འཕེལ་བཞིན་པར་ཧ་ཅང་གི་བློ་འཚབ་ཡོད་པར་བརྗོད་དེ། ཡོངས་ཁྱབ་བསྒྲགས་གཏམ་གྱི་དོན་ཚན་༣༣ གྱི་ནང་། ཕྱི་ལོ་༢༠༣༠ ལོར་སའི་གོ་ལ་ཁྱོན་ཡོངས་ཀྱི་ལྗང་ཁང་གི་རླངས་རྫས་(Greenhouse Gas)བརྒྱ་ཆ་༤༣་ཉུང་དུ་གཏོང་དགོས་པ་བརྗོད་འདུག
རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་ནང་གནས་སྡོད་ཁོར་ཡུག་ཉམས་ཞིབ་པ་Mirza Zulfiqur Rahman ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། “འདི་ལྟ་བུའི་མང་མོས་ཀྱི་ཐོག་ནས་བསྒྲགས་གཏམ་སྤེལ་བར། རྒྱ་གར་གྱིས་བོད་ཀྱི་ཁོར་ཡུག་ཙམ་མིན་པར་གནད་དོན་མང་པོ་ཞིག་གི་ཐོག་གཞན་ལ་མ་བསྟུན་ཐབས་མེད་དུ་བྱུང་ཡོད། ལྷག་དོན་དུ་ད་རེས་བསྒྲགས་གཏམ་ནང་དུ། ཧི་མ་ལའི་རི་རྒྱུད་ཚུད་པའི་ལྷོ་ཨེ་ཤེ་ཡའི་ཡུལ་ལུང་དེ་དག་གི་ཁོར་ཡུག་དང་འབྲེལ་བའི་དཀའ་སྡུག་རྣམས་མང་མོས་ཀྱི་ཐོག་ནས་གྲོས་བསྡུར་བྱས་པ་ཡིན་ན། མ་འོངས་པར་དེ་དག་སྲུང་སྐྱོབ་ཡོང་བར་ཕན་ཐོག་ཡོད་”ཅེས་བརྗོད་བྱུང་།
ཡང་བསྒྲགས་གཏམ་གྱི་དོན་ཚན་༡༦ ནང་། ཚང་མས་མཉམ་སྦྲེལ་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ༢༠༣༠ལོའི་རྒྱུན་གནས་ཐུབ་པའི་ཡར་རྒྱས་གྱི་ལས་གཞི་(Sustainable Development) ཡི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་བསྒྲགས་འདུག་པ་མ་ཟད། བསྒྲགས་གཏམ་ཁྱོན་ཡོངས་ནང་། ལས་གཞི་དེ་ནི་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར་ཡར་རྒྱས་གང་གི་ཆ་ནས་ཧ་ཅང་གི་གལ་ཆེ་ཞིག་ཏུ་ངོས་འཛིན་བྱས་འདུག
ཡང་གནད་དོན་དེའི་ཐད་ཐེ་ཝན་དང་ཨེ་ཤེ་ཡའི་ཉམས་ཞིབ་ལྟེ་གནས་ཁང་(Taiwan-Asia Exchange Foundation)་གི་ཉམས་ཞིབ་པ་Sana Hashmi ལགས་ཀྱིས། ད་རེས་ཡོངས་ཁྱབ་བསྒྲགས་གཏམ་དེས། རྒྱ་གར་ཡར་རྒྱས་ཀྱི་གྲུབ་འབྲས་ངོམས་ཐུབ་པ་བྱུང་ཡོད་པ་མ་ཟད། རྒྱ་གར་གྱིས་གྲོས་མོལ་གྱི་རྩལ་དང་སྟོབས་ཤུགས་ཇེ་ཆེར་སོང་བ་གསལ་སྟོན་ཐུབ་པའི་ཁར། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་གོ་ལའི་སྡིངས་ཆའི་ཐོག་རྒྱ་གར་ལྷན་དུ་མདུན་སྐྱོད་བྱེད་རྒྱུའི་འདུན་པ་ཆེན་པོ་ཡོད་པ་གསལ་སྟོན་བྱས་ཡོད་ཅེས་འདི་གའི་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་འགྲེལ་བརྗོད་གནང་བྱུང་།
ཡང་ཐེངས་འདིའི་ཚོགས་ཆེན་གྱི་ཞོར་དུ་དཀྱིལ་ཤར་ཨེ་ཤེ་ཡ་དང་ལྷོ་ཨེ་ཤེ་ཡར་འབྲེལ་མཐུད་ཐུབ་པའི་མེ་འཁོར་ལྕགས་ལམ་དང་གྲུ་གཟིངས་འབབ་ཚུགས་བཅས་ཀྱི་ཐོག་གོ་བསྡུར་བྱུང་འདུག་པ་མ་ཟད། དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁ་གཏད་དུ་ངོས་འཛིན་གནང་གི་འདུག གཞན་ཡང་སྤྱི་ཟླ་༩་ཚེས་༩ ནས་༡༠ བར་ཉིན་གཉིས་རིང་གི་G20ཚོགས་ཆེན་ཐོག། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་རྒྱ་ནག་དང་ར་ཤི་ཡ་ཕུད། ཨ་རི་ཚུད་པའི་རྒྱལ་ཁབ་༡༥ ལྷག་གི་སྲིད་བློན་དང་སྲིད་འཛིན་ལྷན་དུ་(Bilateral Talk )ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་དམག་དོན། ཚོང་འབྲེལ་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།