ལྦེཏ་ནམ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ།
2011.08.07
༄༅༎ལྦེཏ་ནམ་གྱི་རྒྱལ་ས་ཧེནོཡིས་ནང་སླར་ཡང་དེ་རིང་མི་མང་བརྒྱ་ཕྲག་འགའ་ཤས་ཀྱིས་རྔམ་སྟོན་ཁྲོམ་བསྐོར་བརྒྱུད་རྒྱ་ནག་གཞུང་གིས་ལྦེཏ་ནམ་ལ་དྲག་པོའི་དཔུང་ཤུགས་ཀྱི་འཇིགས་སྐུལ་བྱེད་བཞིན་པར་ངོ་རྒོལ་ཤུགས་ཆེ་ཞིག་བྱས་འདུག་
རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ལ་བདག་དབང་ཡོད་པ་བརྗོད་དེ་འབྲེལ་ཡོད་མངའ་ཁུལ་ཡོད་ཁག་མང་པོ་ཞིག་ལ་དཀའ་ངལ་བཟོ་བཞིན་ཡོད་པ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ (Paracel) པ་ར་སེལ་དང་ Spratly སེཔའ་ཊལེ་ཞེས་པའི་རྡོ་སྣུམ་དང་གཏེར་གྱི་ཕྱུག་པའི་མཚོ་གླིང་འདི་གཉིས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་བརྗོད་ཀྱི་ཡོད་པ་དང་། ལྦེཏ་ནམ་གྱིས་མཚོ་གླིང་འདི་གཉིས་རྒྱལ་རབས་ལོ་རྒྱུས་ནས་ཝེཏ་ནམ་གྱི་ཡིན་པ་བརྗོད་དེ་ རྒྱུན་རིང་ནས་རྩོད་གླེང་ཡོད་པ་གང་ཞིག་ལ་ཉེ་ཆར་ལྦེཏ་ནམ་གྱིས་མཚོ་ཁུལ་ སྣུམ་གྱི་རྟོག་ཞིབ་བྱས་པའི་སྐབས་རྒྱ་ནག་གཞུང་གི་མཚོ་དམག་དཔུང་སྡེས་ཝེཏ་ནམ་གྱི་མཚོ་གྲུའི་ཏར་སྐུད་བཅད་དེ་མཚོ་ཁུལ་རྟོག་ཞིབ་ཀྱི་ལས་དོན་འགོག་རྐྱེན་བཟོས་ཡོད་པ་རེད།
དེ་ནས་བཟུང་ལྦེཏ་ནམ་གྱི་ནང་རྒྱ་ནག་གཞུང་གི་དྲག་རྩུབ་ལ་མི་མང་མང་ཚོགས་ཀྱིས་ངོ་རྒོལ་བྱ་མཁན་མང་དུ་ཕྱིན་ཡོད་པ་དང་། ལྦེཏ་ནམ་དམར་པོའི་གཞུང་གིས་སྤྱིར་ཡུལ་ནང་རྔམ་སྟོན་ཁྲོམ་བསྐོར་སོགས་ཀྱི་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་དུ་བཅུག་གི་མེད་ཀྱང་ཉེ་བའི་ཆར་ཝེཏ་ནམ་གྱི་རྒྱལ་སའི་ནང་རྒྱ་ནག་གཞུང་ལ་དམིགས་པའི་ངོ་རྒོལ་བཅུ་གྲངས་ཤིག་བྱུང་ཡོད་པ་དང་། དེ་རིང་སླར་ཡང་མང་ཚོགས་བརྒྱ་ཕྲག་འགའ་ཤས་ཤིག་གིས་ལག་ཏུ་ལྦེཏ་ནམ་རྒྱལ་ཁབ་ཀྱི་རྒྱལ་དར་དང་གཞན་ཡང་རྒྱ་ནག་གི་དྲག་ཤུགས་ལ་ངོ་རྒོལ་ཡོད་བཅས་ བརྗོད་ཚིག་འཁོད་པའི་འཕྲད་དར་སོགས་འཕྱར་ཏེ་རྒྱལ་སའི་ནང་ཆུ་ཚོད་གཉིས་ཙམ་རིང་ངོ་རྒོལ་བྱུང་འདུག་