མོན་རྟ་དབང་དུ་རང་དབང་གི་ཤུལ་ལམ་ (Freedom Trail) ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཕེབས་ལམ་རྗེས་དེད་ཀྱི་རྐང་འགྲུལ་ལས་འགུལ་དབུ་འཛུགས།
ཟླ་ ༣ ཚེས་ ༣༡ ཉིན་མོ་དེ་བཞིན་དེ་སྔ་ཕྱི་ལོ ༡༩༥༩ ཟླ་ ༣ ཚེས་ ༣༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་ས་ཐོག་ཏུ་བྲོས་བྱོལ་ཆིབས་བསྒྱུར་མཛད་སྐབས། བོད་དང་ས་འབྲེལ་ཆགས་པའི་རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅཱལ་མངའ་སྡེའི་མོན་རྟ་དབང་སྐས་འཛེགས་མ་ཎིར་ (Ke-Dze-Mani) ཞབས་ཀྱིས་བཅག་སྟེ་མི་ལོ་ ༦༦ འཁོར་བའི་ཉིན་མོ་དང་བསྟུན། རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་རྟ་དབང་རྫོང་ཁོངས་བྱེ་མ་ཐང་ས་གནས་ཀྱི་སྐས་འཛེགས་མ་ཎིར་རང་དབང་གི་ཤུལ་ལམ་ (Freedom Trial of the 14th Dalai Lama) ཞེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་རྒྱ་གར་དུ་ཕེབས་ལམ་རྗེས་དེད་ཀྱི་ཉིན་གྲངས་དྲུག་རིང་གི་རྐང་འགྲུལ་ (Trek) དབུ་བཙུགས་ཞུས་འདུག

དེ་ཡང་རྐང་འགྲུལ་ལས་འགུལ་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པ་ཨ་རུ་ན་ཅཱལ་མངའ་སྡེའི་ཆོས་རིག་ལྷན་ཁང་གི་འགན་འཛིན་འཇམ་དཔལ་དབང་འདུས་ལགས་ཀྱིས། རྐང་འགྲུལ་ལས་འགུལ་དེ་འབྲེལ་ངོ་སྤྲོད་གནང་དོན་ལ། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགྱོགས་མྱུར་སྐས་འཛེགས་མ་ཎིའི་ (Ke-Dze-Mani) ས་གནས་བརྒྱུད་ཕྱིར་བོད་དུ་ཞབས་སོར་ཁོད་དེ་གསེར་ཁྲི་མངའ་གསོལ་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་ཆེད་ཡིན་ཞེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་འཇམ་དཔལ་དབང་འདུས་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། ལས་འགུལ་དེ་བཞིན་ཐེངས་དང་པོ་ནི། དེ་སྔ་ལོ་བདུན་ཙམ་གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་ཀྱིས་རྒྱབ་སྐྱོར་མཚོན་སླད། མོན་རྟ་དབང་གི་འགོ་ཁྲིད་དང་མ་མང་ཡོངས་ཀྱིས་བཙན་བྱོལ་ནང་གི་རང་དབང་ཞེས་ (Freedom In Exile) ཡི་ལས་འགུལ་ཞིག་སྤེལ་ཐོག སྐས་འཛེགས་མ་ཎིའི་ (Ke-Dze-Mani) ས་གནས་བརྒྱུད་བཞུགས་སྒར་རྡ་རམ་ས་ལ་བར་ལས་འགུལ་སྤེལ་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཐེངས་འདིའི་རང་དབང་གི་ཤུལ་ལམ་(Freedom Trial)ཞེས་པའི་རྐང་འགྲུལ་དེ་བཞིན། རྟ་དབང་གི་རྫོང་དཔོན་ཀང་ཀི་རྡ་རང་ (Kanki Darang) ལགས་དང་། རྟ་དབང་རླུང་ལའི་ས་གནས་གྲོས་ཚོགས་འཐུས་མི་ཚེ་རིང་ལྷ་མོ་ལགས། ཨ་རུ་ན་ཅཱལ་མངའ་གཞུང་ཆོས་རིག་ལས་ཁུངས་ཀྱི་ཚོགས་གཙོ་འཇམ་དཔལ་དབར་འདུས་ལགས་བཅས་ཀྱི་སྣེ་ཁྲིད་འོག་གོ་སྒྲིག་ཞུས་པ་ཞིག་རེད་འདུག
གཞི་རྩའི་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེ་ཡིས་སྐས་འཛེགས་མ་ཎི་ས་ཁུལ་ནས་མོན་རྟ་དབང་བར་གྱི་ཕེབས་ལམ་དེ་བཞིན་རྒྱ་གར་གཞུང་གིས་ཧ་ཅང་རིན་ཐང་ཆེ་བའི་ས་ཚིགས་ཤིག་ཏུ་ངོས་འཛིན་གྱིས། ལོ་རྒྱུས་རང་བཞིན་ལྡན་པའི་ཕེབས་ལམ་ཞེས་ཉར་ཚགས་བྱས་ཏེ། ད་ཆ་མུ་མཐུད་ཡར་རྒྱས་གཏོང་མུས་ཡིན་ཞིང་། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་དེའི་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་བོད་མཚོ་སྣ་ནས་རྒྱ་གར་གྱི་ས་ཐོག་ཏུ་ཐོག་མར་ཞབས་སོར་འཁོད་དེ། ཆུ་དྭངས་མོ་རུ་ཕེབས་འབྱོར་བྱུང་མཚམས་སུ་རྒྱ་གར་གཞུང་གིས་ (Assam Rifles) དམག་སྡེ་རུ་ཁག་ཅིག་ཆེད་གཏོང་གིས། མགོན་པོ་གང་ཉིད་མཆོག་ལ་ལོ་རྒྱུས་རང་བཞིན་གྱི་སྣེ་ལེན་ཞུས་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།