ཕ་རན་སིའི་གྲོས་ཚོགས་ནང་བོད་དོན་གྲོས་ཆོད།
2012.11.30
༄༅། །དེ་ཡང་བོད་དོན་དང་འབྲེལ་བའི་གྲོས་འཆར་དེ་འདོན་མཁན་གྲོས་ཚོགས་གོང་མའི་ནང་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཡིན་འདུག་པ་དང་། གྲོས་ཆོད་འཇོག་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་ནང་ད་ལྟའི་འཆར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཡོ་རོབ་སྤྱི་མཐུན་ཚོགས་པས་ཉེ་ལམ་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་འཐུས་མི་གསར་འཛུགས་གནང་བ་དེ་དང་རྗེས་སུ་མཐུན་པའི་ཐོག་ནས་བོད་ཀྱི་གནད་དོན་དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པས་གལ་གནད་ཆེ་ཤོས་ཤིག་ཏུ་ངོས་འཛིན་ཐུབ་ཆེད་དུ་ཡིན་པ་འཁོད་འདུག གྲོས་ཆོད་དེའི་ནང་གཙོ་བོ། བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིའི་དཀའ་ངལ་ལ་རྒྱབ་སྐྱོར་གནང་དགོས་ཞེས་དང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་ལོ་ངོ་བཅུ་ཕྲག་ལྔའི་རིང་བོད་མི་ཚོས་མྱོང་བཞིན་པའི་དཀའ་ངལ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་མ་བྱས་པར་བོད་མི་ཚོར་རོགས་རམ་བྱེད་མ་ཐུབ་པར་བརྟེན། ད་ལྟའི་ཛ་དྲག་གི་གནས་སྟངས་འདིའི་རྒྱུ་རྐྱེན་ལྟ་བུ་ཆགས་ཡོད་ཅེས་དང་། ཡོ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་དང་ལྷན་དུ་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་བོད་ཀྱི་གནད་དོན་སྐོར་གླེང་གི་ཡོད་ཅིང་། འོན་ཀྱང་ཕྱོགས་ཡོངས་ནས་ལྟ་སྐབས་རྒྱ་ནག་རྒྱལ་ཡོངས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡར་རྒྱས་ཀྱི་རྣམ་པ་གང་ཡང་བྱུང་མེད་པས་མ་ཟད། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད། རྒྱུ་མཚན་དེར་བརྟེན་ནས་བོད་རྒྱ་ཕྱོགས་གཉིས་ཀར་གཉིས་སྨན་གྱི་ཐབས་ལམ་ལག་བསྟར་དོན་ཁྱོལ་ཡོང་ཆེད་འགོག་རྐྱེན་བཟོས་ཡོད་པར་བརྟེན། ཡོ་རོབ་སྤྱི་མཐུན་ཚོགས་པས་བོད་ནང་དུ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཙམ་མ་ཟད། གྲོས་མོལ་གྱི་ལམ་ནས་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཐོག་ནས་བོད་མིའི་དཀལ་ངལ་སེལ་ཐབས་ཆེད་འབད་རྩོན་གང་ཡོད་གནང་དགོས་སོགས་འཁོད་འདུག །