ཧྥ་རན་སིའི་སྲིད་འཛིན་གྱི་གནང་སྟངས་ལ་སྐྱོན་བརྗོད་བྱས་འདུག
2018.04.27

ཧྥ་རན་སིའི་སྲིད་འཛིན་གྱིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཁག་ཚུལ་གསུངས་པར་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཧྥ་རན་སིའི་སྲིད་འཛིན་(Emmanuel Macron) གྱིས་ཨ་རིའི་ནང་འཚམས་གཟིགས་དང་འབྲེལ་ནས་ཚེས་༢༥་ཉིན་ཁོང་གི་ཉིན་མཐའ་མའི་གསུང་བཤད་མཛད་རིམ་ཞིག་སྟེ་ཨ་རིའི་རྒྱལ་སའི་(George Washington) སློབ་ཆེན་ཏུ་སློབ་ཕྲུག་དང་བགྲོ་གླེང་གཏམ་བཤད་གནང་སྐབས། ཁོང་གིས་སྲིད་འཛིན་གྱི་ལས་ཡུན་རིང་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཁག་ཚུལ་གསུངས་པར་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་(Human Rights Watch)ཞེས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་སོ་ཧྥེ་རི་ཆར་སོན་(Sophie Richardson)གྱིས། སྤྱི་ཚེས་༢༧་ཉིན་གསུངས་དོན། ཕྱི་ལོ་༢༠༡༧་ཕྱི་ཟླ་བརྒྱད་པའི་ནང་སྲིད་འཛིན་མཀ་རོན་(Macron)་གྱིས་རྒྱ་ནག་དང་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་ལམ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གཡོལ་ཐབས་མེད་ལུཊ་གསུངས་ཡོད་ཀྱང་ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་ནག་ལ་གཞུང་འབྲེལ་གཟིགས་སྐོར་ཐོག་མར་ཕེབས་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་ཙམ་ཡང་གནང་མེད་པ་རེད་ཅེས་སྐྱོན་བརྗོད་གནང་འདུག
ད་དུང་ཧྥ་རན་སིའི་སྲིད་འཛིན་གྱིས་དེ་སྔ་འོས་བསྡུའི་སྐབས་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་ཡོད་ཀྱང་ད་ཆ་མཇལ་འཕྲད་གནང་ན་རྒྱ་ནག་དང་འབྲེལ་ལམ་ཐད་དཀའ་ངལ་འཕྲད་ཀྱི་རེད་ཅེས་གསུངས་པ་ནི་རྒྱ་ནག་གིས་བོད་ནང་དྲག་གནོན་གྱིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མུས་ཡིན་པ་སྣང་མེད་བཞག་པ་ཡིན་པའི་སྐྱོན་བརྗོད་དང་མཉམ་དུ་གནས་དོན་འདི་ནི་ཧྥ་རན་སིའི་སྲིད་འཛིན་གཅིག་པོ་མ་ཡིན་པར་ཧྥ་རན་སི་གཙོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་སྔར་ནས་འགྲོ་བ་མིའི་ཐོབ་ཐང་སྲང་སྐྱོབ་ཐོག་འཁན་ཁུར་བཞེས་ཀྱི་ཡོད་ཀྱང་ཕྱིས་སུ་འཕྲལ་སེལ་ཁེ་ཕན་གྱི་ཆེད་དུ་རྩ་དོན་གཡོལ་ཐབས་གནང་བཞིན་པ་དེར་སྐྱོན་བརྗོད་གནང་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།