རྒྱ་ནག་གཞུང་ནས་ཡུལ་བསྐོར་སྤྲོ་འཆམ་པ་ཕཱ་རན་སིར་བསྐྱོད་རྒྱུར་བཀག་སྡོམ་བྱས་སྐོར།
2008.05.30
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་ཕཱ་རན་སིའི་ནང་བསྐྱོར་རྒྱུར་བཀག་སྡོམ་བྱས་པའི་རྗེས་ཕཱ་རན་སིའི་ཡུལ་བསྐོར་སྤྲོ་འཆམ་ཚོང་དོན་ལས་རིགས་ལ་དོ་ཕོག་ཆེན་པོ་བྱུང་བཞིན་པ་ཕཱ་རན་སིའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་མི་སྣས་འགྲེལ་བརྗོད་བྱས་འདུག
རྣམ་ཀུན་ཕཱ་རན་སི་ནི་རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་པ་ཚོ་བསྐྱོད་སའི་དགའ་མོས་ཆེ་ཤོས་ཀྱི་ཡུལ་གྲུ་ཞིག་ཡིན་པ་དང་། ན་ནིང་ལོར་རྒྱ་མི་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་མི་གྲངས་ཁྲི་བདུན་ཅུ་ཙམ་བྱུང་ཡོད་ཅིང༌། ཡིན་ནའང་ད་ལོ་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ཕཱ་རན་སིའི་ནང་བསྐོར་སྐྱོད་བྱེད་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ རྒྱ་ནག་ནང་ཕཱ་རན་སིའི་དངོས་ཟོག་ཉོ་སྒྲུབ་མི་བྱེད་པ་དང་ཕཱ་རན་སིའི་བཟའ་བཅའི་ཚོང་ཁང་སོགས་ལ་རྒྱ་མི་ཚོས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་པའི་ཁར་། རྒྱ་ནག་གཞུང་གི་འབྲེལ་ཡོད་རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ཁག་ཏུ་ཕཱ་རན་སིའི་ནང་རྒྱ་མི་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་རྒྱུ་ལས་དོན་མཚམས་འཇོག་གི་བརྡ་བཏང་ནས་། དེ་སྔོན་ནས་གཏན་འཁེལ་ཟིན་པའི་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་ཡང་མང་པོ་ཞིག་ཕྱིར་འཐེན་བྱས་ཡོད་པ་རེད་། ཕཱ་རན་སིའི་རྒྱ་ནག་དང་ཕཱ་རན་སིའི་དབར་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་གི་འགན་འཛིན་ཕཱི་ལིབ་ཡའོ་ཟེར་བས་བརྗོད་ན་ ཕཱ་རན་སིའི་ནང་བོད་དོན་རྒྱབ་སྐྱོར་གྱི་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་རྗེས་ ཁོང་གི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ལ་རྒྱ་མིའི་ཡུལ་བསྐོར་སྤྲོ་འཆམ་པ་ཕཱ་རན་སིའི་ནང་ཡོང་རྒྱུའི་དུས་བཀག་ཟིན་པ་མང་པོ་ཞིག་ཕྱིར་འཐེན་བྱས་ཟིན་པ་དང་། ད་ལོ་ནི་ཕཱ་རན་སིའི་ཡུལ་བསྐོར་སྤྲོ་འཆམ་ལས་རིགས་ལ་ལོ་ནག་པོ་ཞིག་ཡིན་ལུགས་ཕཱ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།