བོད་ནང་དགེ་འདུན་པ་བཞི་ལ་ལོ་བཅུའི་རིང་བཙོན་འཇུག
2009.08.21
༄༅༎སྔ་ལོའི་གསུམ་བཅུའི་དུས་དྲན་ཉིན་གདན་ས་ཆེན་པོ་སེ་ར་དགོན་པའི་དགེ་འདུན་པ་བཅུ་བཞི་ཡིས་བོད་ཀྱི་རྒྱལ་དར་བསྣམས་ནས་ལྷ་སའི་བར་སྐོར་ནང་ཞི་བའི་ངོ་རྒོལ་གནང་མཁན་ཁོངས་ནས་དགེ་འདུན་པ་བཞི་ལ་རྒྱ་ནག་གཞུང་གིས་ལོ་ལྔ་ནས་བཅུ་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་ནོར་ལྦེའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་སྔ་ལོའི་གསུམ་བཅུའི་དུས་དྲན་ཉིན་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དགོན་པའི་དགེ་འདུན་པ་བཅུ་བཞི་རྒྱ་ནག་གཞུ་གིས་བོད་ནང་སྒྲེང་འཛུགས་མི་ཆོག་པའི་བཀག་སྡོམ་བྱས་པའི་བོད་ཀྱི་རྒྱལ་དར་བསྣམས་ནས་བོད་རང་བཙན་དགོས་པའི་འབོད་ཚིག་སྒྲོག་སྐབས་རྒྱ་མིའི་ཉེན་རྟོག་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཏེ་ད་བར་ཁོང་རྣམས་ཀྱི་སྐོར་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད། འོན་ཀྱང་འདི་ལོའི་ཕྱི་ཟླ་བཞི་པའི་ནང་ཁམས་རྫ་ཆུ་ཁ་སི་ཤུལ་རྫོང་ནས་ཡིན་པའི་དགེ་འདུན་པ་བློ་གྲོས་ལ་ལྷ་ས་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ་ལོ་བཅུའི་ཁྲིམས་ཐག་བཅད་པའི་བཀའ་རྒྱ་ཞིག་ཁོང་གི་ནང་མིར་འབྱོར་བ་དང་ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་བཙན་བཀའ་ཡང་བཏང་འདུག་ལ་ཁོང་ད་ལྟ་ལྷ་སའི་ཉེ་འཁྲིས་ཆུ་ཤུལ་བཙོན་ཁང་དུ་བཅུག་འདུག འདི་ཟླའི་ཚེས་བཅུ་བཞི་ཉིན་དགེ་འདུན་པ་བློ་གྲོས་ལགས་ཀྱི་ནང་མིས་ཁོང་ཐུགས་འཕྲད་ཆེད་བཙོན་ཁང་ལ་ཕེབས་སྐབས་བློ་གྲོས་ལགས་དང་ཕ་ཡུལ་གཅིག་པ་ཡི་ནཔའི་དགུང་གྲངས་ཉི་ཤུ་རྩ་དགུ་ཕེབས་པའི་དགེ་འདུན་པ་བློ་བཟང་དངོས་གྲུབ་དང་དགུང་གྲངས་སུམ་བཅུ་ཕེབས་པའི་མང་དགེ་བཟོད་པ་ལགས་གཉིས་ལ་ལོ་ལྔ་རིང་དུས་བཀག་ཁྲིམས་ཐག་བཅད་པ་མཁྱེན་རྟོགས་བྱུང་ཡང་ཕྱག་རོགས་གཞན་རྣམས་ལ་ཁྲིམས་ཐག་བཅད་པ་སོགས་ཀྱི་སྐོར་གནས་ཚུལ་གང་ཡང་མཁྱེན་རྟོགས་བྱུང་མིན་འདུག
ཁམས་རྫ་ཆུ་ཁ་ནས་ཡིན་པའི་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་དགེ་འདུན་པ་ཞིག་གིས་སྔ་ལོའི་རྒྱལ་ས་ལྷ་སའི་དོན་རྐྱེན་ནང་ཁང་པ་ཞིག་མེར་བསྲེགས་བཏང་བའི་ཉེས་དམིགས་འོག་འཛིན་བཟུང་བཀག་ཉར་བྱས་པའི་དགེ་འདུན་པ་འཕྲིན་ལས་རྣམ་རྒྱལ་ལགས་ཀྱི་སྐོར་གནས་ཚུལ་གང་ཡང་མཁྱེན་རྟོག་མེད་སྐོར་དང་རྒྱ་གར་ནང་ཐེངས་མ་འགའ་ཤས་ཕེབས་མྱོང་ཡོད་པ་དང་སྔ་ལོ་བོད་ལ་ཕྱིར་ལོག་གནང་སྐབས་འཛིན་བཟུང་བྱས་པའི་གེ་འདུན་པ་བསོད་ནམས་གྲགས་པ་ལགས་ལ་ཡང་ལོ་བཅུ་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་ད་ལྟ་ཆུ་ཤུལ་བཙོན་ཁང་ནང་ཡོད་སྐོར་གོང་ཞུས་རླུང་འཕྲིན་ཁང་ལ་གསུངས་འདུག