རིམས་ནད་ངོ་རྒོལ་ནང་ཞུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་བོད་རིགས་བུ་མོ་བཞི་མུ་མཐུད་བཀག་ཉར་འོག་ཡོད་འདུག

ཉེ་སྔོན་ཕྱི་ཟླ་༡༢ཚེས་༥་ཉིན་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་བོད་དཀར་མཛེས་ཁུལ་དར་མདོ་རྫོང་འཁོར་ཡུལ་གསེར་ལུང་གྲོང་ཚོ་ནས་ཡིན་པ།བོད་རིགས་བུ་མོ་འཛམ་དཀར་དང་སྐལ་བཟང་སྒྲོལ་མ།བདེ་ཆེན།བདེ་ལྷ་བཞི་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་རིམས་ནད་བཀག་སྡོམ་ངོ་རྒོལ་ནང་ཞུགས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ནས་བཟུང་ཁོང་ཚོ་མུ་མཐུད་དཀར་མཛེས་ཁུལ་ཐོག་ཏུ་བཀག་ཉར་བྱས་ཡོད་འདུག
བོད་ནང་དང་བཙན་བྱོལ་ནང་ཡོད་པའི་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས་བརྗོད་པར་གཞིགས་ན། བེུད་བཞི་པོ་དེ་དག་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་འདུག་ཀྱང་། ཁོང་ཚོ་བཙོན་ཁང་ངམ་བཀག་ཉར་ཁང་གང་དུ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་མེད་པ་རེད་འདུག
བོད་ནང་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བེུད་མོ་བཞི་པོ་དེ་དག་སོ་སོའི་ས་གནས་གྲོང་སྡེ་ནས་འཛིན་བཟུང་བྱས་འདུག་ཅིང་། དེ་ཡང་ཁོ་ཚོ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་ཕྱིར་ཕ་ཡུལ་དུ་ལོག་རྗེས་ས་གནས་སྲིད་གཞུང་གིས་སྐད་བཏང་འདུག འོན་ཀྱང་བུ་མོ་གཅིག་མ་གཏོགས་གཞན་གསུམ་པོ་ཕྱིན་མེད་སྟབས། ཉིན་དེར་ས་གནས་ཀྱི་འབྲེལ་ཡོད་མི་སྣ་ཡོང་སྟེ་རང་ཁྱིམ་ནས་བེུད་གཞན་གསུམ་པོ་ཡང་བཙན་ཁྲིད་བྱས་ཡོད་འདུག གནས་ཚུལ་མཁོ་སྤྲོད་པ་དེས་མུ་འཐུད་བརྗོད་པར་གཞིགས་ན། ཁོང་ཚོ་འཛིན་བཟུང་བྱེད་དོན་གཙོ་བོ་ཁྲིན་ཏུའུ་རུ་རིམས་ནད་ངོ་རྒོལ་ནང་ཞུགས་པ་དང་།དེ་བཞིན་རིམས་ནད་བཀག་བསྡོམས་རྐྱེན་གྱིས་ཡུན་རིང་ནང་དུ་བཅུག་སྟེ་ལས་གཉེར་བྱེད་སའི་སྦྱིན་བདག་ནས་གླ་ཆ་མ་སྤྲད་པས།ཁོ་ཚོས་སྦྱིན་བདག་ལ་ཐེངས་མང་གླ་ཆ་སྤྲོད་དགོས་པའི་སྙན་ཞུ་ཕུལ་བ་སོགས་ཀྱིས་ཡིན་འདུག
འཛིན་བཟུང་བྱས་པའི་བོད་རིགས་བུ་མོ་དེ་དག་ནི་ཕ་ཡུལ་གསེར་ལུང་གྲོང་ཚོ་རང་ནས་ཡིན་པ་དང་།ཁོ་ཚོ་ དམའ་རིམ་སློབ་གྲྭ་བར་དར་མདོ་རྫོང་ཁོངས་ནས་འགྲིམ་འདུག
ཡང་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་དེས།བུ་མོ་དེ་དག་གིས་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཅིན་ནེའུ་ས་ཁུལ་དུ་རྒྱ་མི་ཞིག་གིས་གཉེར་བའི་རྒྱ་ཁོག་ཟ་ཁང་ཞིག་ཏུ་ལས་ཀ་བྱས་ཡོད་འདུག
ཁོང་ཚོ་འཛིན་བཟུང་བཙན་ཁྲིད་རྗེས། ནང་མི་ཚོས་ཁོང་ཚོ་གང་དུ་ཡོད་སོགས་རྩད་གཅོད་བྱེད་སྐབས་རྒྱ་ནག་གཞུང་འབྲེལ་མི་སྣས་ཞིབ་ཕྲའི་གནས་ཚུལ་གང་ཡང་གསལ་བཤད་བྱས་མེད་པ་བརྗོད་བྱུང་།འཛིན་བཟུང་བྱས་པའི་བུ་མོ་དེ་དག་ཚང་མ་ལོ་ན་ཉི་ཤུའི་ནང་ཡིན་འདུག
རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་མི་མང་གིས་རིམས་ནད་ངོ་རྒོལ་གྱི་གནས་ཚུལ་བྱུང་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དམ་དྲག་ཤུགས་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ཅིང་། དཔེར་ན་ཕྱི་ཟླ་༡༢པའི་མགོ་སྟོད་ནས་བཟུང་མཚོ་སྔོན་དང་རྔ་བ་ཕྱོགས་སུ་རིམས་དང་འབྲེལ་བའི་གནས་ཚུལ་རིགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྐུར་དང་ཁྱབ་སྤེལ་རིགས་གང་ཡང་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།