རྒྱ་ནག་གིས་རྡོ་དཀར་དགོན་པའི་དགེ་འདུན་པ་བཞི་བཟུང་འདུག
2012.10.17
ད་ལྟ་རང་གནས་ཚུལ་འབྱོར་དོན། ཚེས་༦ཉིན་མདོ་སྨད་གཙོད་གྲོང་ཁྱེར་དང་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། རྡོ་དཀར་རྫེ་རོ་སྡེ་བའི་སྐྱེས་པ་རང་ལོ་ ༢༧ ཡིན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་པ་དང་། ད་བར་རྒྱ་གཞུང་གིས་དམག་མི་འབོར་ཆེན་འགྲེམ་འཇོག་གིས་རྡོ་དཀར་དགོན་པ་གཙོས་ས་གནས་ཡོངས་བཀག་སྡོམ་ནན་མོ་བྱས་ཤིང་། ཉིན་རྒྱུན་ཉེན་རྟོག་པ་དགོན་པར་ཡོང་ནས་གྲྭ་བ་རེ་རེ་བཞིན་འདྲི་གཅོད་བྱེད་བཞིན་ཡོད་པ་དང་། དེ་རིང་ཚེས་བཅུ་བདུན་ཉིན་གློ་བུར་དུ་རྒྱ་ནག་གི་སྤྱི་བདེ་ཉེན་རྟོག་པ་མང་པོ་དགོན་པར་ཡོང་ནས་དགོན་པའི་དངུལ་གཉེར་བ་འཇིག་མེད་རྒྱ་མཚོ་དང་། རྩིས་བ་སྐལ་བཟང་རྒྱ་མཚོ། གཞན་དགེ་འདུན་པ་དཀོན་མཆོག་རྒྱ་མཚོ་བཅས་གསུམ་པོ་སོ་སོའི་གྲ་ཤག་ནས་འཛིན་བཟུང་བྱས་འདུག། ཉིན་ཤས་གོང་དགེ་འདུན་པ་རུ་ཆུང་སྡེ་བའི་བཀྲ་ཤིས་རྒྱ་མཚོ་བཅས་སྔ་ཕྱིར་དགེ་འདུན་པ་བཞི་འཛིན་བཟུང་བྱས་ཡོད་འདུག། ཁོང་ཚོ་འཛིན་བཟུང་བྱེད་དགོས་དོན་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་པའི་སངས་རྒྱས་རྒྱ་མཚོའི་སྐུ་ཕུང་བདག་པོ་རྒྱག་མཁན་དང་འདྲ་པར་རྒྱག་མཁན་ཡིན་པ་སོགས་འདྲི་རྩད་ཉེས་འཛུགས་བྱེད་བཞིན་པ་ཡིན་འདུག།
དེ་བཞིན་དུ་ཉེ་ལམ་སངས་རྒྱས་རྒྱ་མཚོས་རང་ལུས་མེར་བསྲེཊ་བཏང་བ་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་མ་ཡིན་པར། བཟའ་ཚང་ནང་ཁུལ་མ་འཆམ་པའི་དཀའ་ངལ་གྱིས་ཡིན་པར་ངོས་ལེན་མཚན་རྟགས་བཀོད་པ་ཡིན་ན། ནང་མིར་རྒྱ་སྒོར་ཁྲི་ ༡༠༠ སྤྲོད་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་ནང་མིས་ཁས་ལེན་བྱས་མེད་པ་རེད་འདུག