བོད་དང་རྒྱ་ནག་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཉུང་དུ་ཕྱིན་པ།

བོད་དང་རྒྱ་ནག་གཉིས་ནང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་མི་ཉུང་དུ་འགྲོ་བཞིན་ཡོད་པའི་སྐོར་གནས་ཚུལ་བཀོད་ཡོད་པ་རེད།

2008.12.03

༄༅༎བོད་དང་རྒྱ་ནག་གཉིས་ནང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་མི་ཉུང་དུ་འགྲོ་བཞིན་ཡོད་པའི་སྐོར་རྒྱ་ནག་ཉིན་རེའི་གསར་ཤོག་ནང་གནས་ཚུལ་བཀོད་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་ཚན་པ་ཞིག་གིས་བརྗོད་དོན་ལྟར་ན་འདི་ལོ་ཕྱི་ཟླ་དང་པོ་ནས་འགོ་བཙུགས་ཀྱིས་ཕྱི་ཟླ་བཅུ་པ་བར་ཟླ་བ་བཅུའི་རིང་དུ་བོད་དང་རྒྱ་ནག་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཉུང་དུ་ཕྱིན་ཡོད་པ་མ་ཟད་ད་ཆ་འཛམ་གླིང་གི་དཔལ་འབྱོར་གནས་བབ་ཇེ་ཞན་དུ་འགྲོ་བཞིན་པའི་རྐྱེན་གྱིས་ཕྱི་ལོ་༢༠༠༩ལོར་ཡུལ་བསྐོར་སྤྲོ་འཆམ་གྱི་ཚོང་ལས་ལས་དོན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། དེ་བཞིན་ཡང་རྒྱ་ནག་རྒྱལ་ཡོངས་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་འགན་འཛིན་ཧྲའོ་ཆི་ལྦེ་ཡིས་ན་ནིང་གོང་ཞུས་དུས་ཚོད་དེའི་ནང་བོད་དང་རྒྱ་ནག་ནང་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་མཁན་ཕྱི་རྒྱལ་ཡུལ་བསྐོར་བ་མི་གྲངས་ས་ཡ་གཅིག་དང་གྲངས་ཆུང་དགུ་ཙམ་བྱུང་ཡོད་ནའང་འདི་ལོ་དུས་ཚོད་དེའི་རིང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་མི་གྲངས་འབུམ་གསུམ་དང་བཞི་སྟོང་ཙམ་ལས་བྱུང་མེད་པ་རེད་ཅེས་བརྗོད་ཡོད་པ་མ་ཟད་ཁོང་གིས་མུ་མཐུད་གསུང་ན་ད་དུང་ཡང་འཛམ་གླིང་དཔལ་འབྱོར་གྱི་གནས་སྟངས་ལ་བརྟེན་ནས་ལོ་རྗེས་མའི་ནང་དེ་བས་ཀྱིས་ཡུལ་བསྐོར་སྤྲོ་འཆམ་པའི་གནས་སྟངས་ཞན་དུ་འགྲོ་རྒྱུ་ཡིན་པས་རྒྱ་ནག་ནང་ཁུལ་ནས་བོད་དུ་ཡུལ་བསྐོར་སྤྲོ་འཆམ་དུ་འགྲོ་མི་གོང་འཕེལ་གཏོང་རྒྱུའི་ཐབས་ཤེས་བྱ་དགོས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད། སྤྱིར་བཏང་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་བོད་ནང་དུ་འགྲོ་མཁན་མིོ་གྲངས་ཉུང་དུ་འགྲོ་དགོས་པའི་རྒྱུ་མཚན་ཁ་གསལ་བརྗོད་མེད་ཀྱང་འདི་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དང་དེ་བཞིན་ཡང་ཟི་ཁྲོན་ཁུལ་དུ་ས་ཡོམ་གྱི་དོན་རྐྱེན་བྱུང་བ་དེ་ག་ནང་བཞིན་རྒྱ་ནག་ནང་ཨོ་ལིམ་པིག་གི་རྩེད་འགྲན་སྐོངས་འཚོགས་མ་བྱས་བར་དུ་ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་བོད་ནང་འགྲོ་བསྐྱོད་བྱེད་རྒྱུར་དམ་བསྒྲགས་ཤུགས་ཆེ་བྱས་པ་སོགས་ལ་བརྟེན་ནས་བོད་དང་རྒྱ་ནག་ནང་འདི་ལོ་ཡུལ་བསྐོར་སྤྲོ་འཆམ་པའི་ཚོང་འབྲེལ་ལས་དོན་གྱི་ཐོག་གྱོང་གུན་ཕོག་ཡོད་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎