བོད་བར་གོམ་བགྲོད་པ་ཕྱི་རྒྱལ་བ་ལྔ་རྒྱ་གར་ནས་ཕྱིར་ཐོན་དགོས་སྐོར།
2008.05.26
༄༅༎རྒྱ་གར་གྱི་དཔོན་རིགས་རྣམས་ཀྱིས་བོད་བར་གོམ་བགྲོད་གནང་མཁན་ཁུངས་ཕྱི་རྒྱལ་མི་རིགས་ ༥ ཡོད་པ་རྣམས་རྒྱ་གར་ནས་ཕྱིར་ཐོན་དགོས་པའི་བཀའ་བཏང་ཡོད་པ་རེད་
ཕྱི་རྒྱལ་བའི་གོམ་བགྲོད་པ་ ༥ ནི་པཱོ་ལེན་ནས་ཡིན་པའི་ མཱ་རི་ལ་ཀི་རོསེ་དང་ ཨ་རི་ནས་ཇིམ་པི་ཊར་སེན་དང་ ཨེ་ཌི་ཝ་ཌེ་པེལ་གར་ ཌེ་ཝི་ཌི་ཧོང་། ནོར་ཝེ་ནས་པཱོལ་སྦན་ཛེ་བཅས་ཡིན་པ་རེད་ ཁོང་རྣམས་ཉེ་སྔོན་རྒྱ་གར་བཞུགས་སྒར་རྡ་རམ་ས་ལ་ནས་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་འགོ་འཛུགས་གནང་བའི་བོད་བར་གྱི་གོམ་བགྲོད་དེའི་ནང་ཞུགས་ཡོད་ཅིང་ ཁོང་རྣམས་རྒྱ་གར་གྱི་ས་ཐོག་ནས་བདུན་ཅིག་ནང་ཚུད་ཕྱིར་ཐོན་དགོས་པའི་བཀའ་བཏང་ཡོད་པ་རེད་ བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་ ཁོང་རྣམས་བོད་དོན་རྒྱབ་བསྐྱོར་གནང་མཁན་ཡིན་པ་དང་ཁོང་རྣམས་ད་ཐེངས་ཀྱི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེར་རྒྱབ་བསྐྱོར་གནང་མཁན་ཡང་ཡིན་པ་རེད་ ཁོང་རྣམས་ང་ཚོའི་མཉམ་ཟླ་བ་འགའ་ཤས་རིང་གོམ་བགྲོད་གནང་རྗེས་ད་ཆ་ཁོང་རྣམས་ང་ཚོ་བཞག་གནང་ནས་ཕེབས་དགོས་བྱུང་བ་དེར་བློ་གྱོད་ཡོད་ཅེས་གསུང་འདུག
གཞན་ཡང་གོམ་སྤོས་ཀྱི་ལས་འགུལ་དེའི་འབྲེལ་མཐུད་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཚུད་པའི་གོམ་བགྲོད་པ་མི་གྲངས་༡༨ ཞིག་རྒྱ་གར་དང་བོད་ཀྱི་ས་མཚམས་ཉེ་འཁྲིས་ པི་ཐོ་ར་གར་ རྫོང་ཁུངས་ནང་དོ་དམ་ནང་ལྷག་ཡོད་པ་རེད་
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྦི་ཚེ་རིང་ལགས་ཀྱིས་ང་ཚོས་དོ་དམ་ནང་ཡོད་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བའི་རེ་འདུན་ཞུ་གི་ཡོད་ དཀའ་རྙོག་གང་མགྱོགས་སེལ་ནས་གོམ་བགྲོད་ཀྱི་ལས་འགུལ་གང་མགྱོགས་སླར་གསོ་ཡང་བའི་རེ་བ་ཡོད་ཅེས་གསུངས་འདུག ཡང་ད་ལྟ་རང་གནས་ཚུལ་ནང་ཐོན་གསལ་ལ་གཞིགས་ན་ གོང་ཞུས་རྒྱ་གར་གཞུང་གིས་དོ་དམ་བྱས་པའི་གོམ་བགྲོད་པ་རྣམས་ད་ཆ་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་རྣམས་བོད་བར་གོམ་བགྲོད་མུ་མཐུད་བྱེད་རྒྱུར་ཨུ་ཊར་ཁཱན་མངའ་སྡེའི་གཞུང་གིས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག