རྒྱ་ནག་གཞུང་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་དགེ་འདུན་པ་ཚོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ངོ་སྤྲོད་བྱས་ཡོད་ཀྱང་། ༸སྐུའི་ཡང་སྲིད་ཐོག་ཐེ་བྱུས་ཀྱི་དབང་ཆ་མེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསལ་སྟོན་གནང་གི་འདུག

རྒྱ་ནག་གི་ཉིན་རེའི་གསར་ཤོག་སྟེང་ཟླ་ ༤ ཚེས་ ༡༧ ཉིན་གནས་ཚུལ་འཁོད་པར་གཞིགས་ན། རྒྱ་ནག་གཞུང་འབྲེལ་གྱིས་གོ་སྒྲིག་བྱས་ཏེ་སོག་ཡུལ་དང་བལ་པོ། ཝེཊ་ནམ་དང་ཐེའེ་ལཎ་ཌི་སོགས་ནང་པའི་རྒྱལ་ཁབ་བཅུ་གཉིས་ཀྱི་དགེ་འདུན་པ་དང་མཁན་པོ་སོགས་ཆེད་དུ་གདན་ཞུས་ཀྱིས། རྒྱ་ནག་གི་རྒྱལ་ས་པེ་ཅིང་ཁུལ་གྱི་བོད་ཀྱི་དགོན་སྡེ་ལྷ་ཁང་ཁག་དང་ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གི་ཕོ་བྲང་པོ་ཏཱ་ལ་དང་ལྷ་ལྡན་གཙུག་ལག་ཁང་། སེ་ར་དགོན་པ་སོགས་སུ་ལྟ་སྐོར་དང་འབྲེལ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་ངོ་སྤྲོད་དང་ཁྱད་པར་མན་ཇུའི་གོང་མ་ཆན་ལུང་གི་བོད་ལ་བཞག་པའི་གསེར་བུམ་དང་། གསེར་བུམ་དཀྲུག་འདོན་གྱིས་སྤྲུལ་སྐུ་ངོས་འཛིན་གྱི་བརྒྱུད་རིམ་སོགས་རྩལ་དུ་བཏོན་ནས་ངོ་སྤྲོད་བྱས་ཡོད་པ་མ་ཟད། ཕྱོགས་གང་ས་ནས་རྒྱ་ནག་གཞུང་ཁོ་པ་ཚོས་བོད་བརྒྱུད་ནང་བསྟན་སྲུང་སྐྱོབ་དང་འཛིན་སྐྱོང་ཡག་པོ་བྱས་པའི་རྣམ་པ་རྫུན་མ་བསྟན་ཐབས་སུ་འབད་བརྩོན་བྱས་ཡོད་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། “རྒྱ་ནག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་དེ་འདྲ་གྲ་སྒྲིག་དང་རྣམ་འགྱུར་སྟོན་བཞིན་པའི་གནས་སྟངས་དེ། ལོ་རྒྱུས་ཐོག་ནས་དྲང་བདེན་གྱི་སྐད་ཆ་བཤད་ཀྱི་ཡོད་ན་བདེན་པ་རྩ་བ་ནས་མིན་པ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དེ་མགོན་པོ་མཆོག་གང་ཉིད་ཀྱི་སྐུ་དབང་དང་འབྲེལ་བ་ཆགས་ཡོད་པས། དེ་ལ་རྒྱ་ནག་གཞུང་གིས་ལོ་རྒྱུས་ཐོག་ནས་ཐེ་བྱུས་མི་ཆོག་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆ་ནས་ཀྱང་ཐེ་བྱུས་བྱེད་མི་ཆོག་པ་ནི་དངོས་ཡོད་གནས་སྟངས་ཤིག་ཆགས་ཡོད་” ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ནང་པའི་དགེ་འདུན་པ་དང་མཁན་པོ་སོགས་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཁང་སོགས་སུ་ཁྲིད་དེ། བོད་ཀྱི་གནས་ཚུལ་མང་པོ་ཞིག་ངོ་སྤྲོད་དང་ཆབས་ཅིག བོད་ནང་དགོན་སྡེ་ཁག་ཏུ་ཆོས་ཕྱོགས་ཀྱི་རང་དབང་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སོགས་གང་ལེགས་ཡོད་པའི་བག་ཆགས་འཇོག་ཐབས་བྱས་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་བསྟན་འཛིན་ལེགས་བཤད་ཀྱིས།“དངོས་ཡོད་ཀྱི་ཆ་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་། བོད་ནང་དགོན་སྡེ་ཁག་གཏོར་བཤིག་དང་བཙུན་མ་དང་དགེ་འདུན་པ་ཚོར་སྡུག་སྦྱོང་མནར་གཅོད་བཏང་བ་ནི། ལོ་རྒྱུས་དེབ་ཐེར་དུ་འཁོད་པ་དངོས་ཡོད་ཡིན་པ་དང་། ད་ལྟའི་ཆར་ཡང་དགོན་སྡེ་ཁག་ནང་རྒྱ་ནག་གཞུང་གིས་ཚབས་ཆེ་བའི་ཐེ་བྱུས་བྱེད་བཞིན་པ་རེད་”ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་ད་ལན་དམིགས་བསལ་མན་ཇུའི་གོང་མ་ཆན་ལུང་གིས་ཕྱི་ལོ་ ༡༧༩༢ ལོར་བོད་ནང་བླ་སྤྲུལ་ངོས་འཛིན་དུ་གསེར་བུམ་བཞག་པའི་ལོ་རྒྱུས་སོགས། ཕྱི་རྒྱལ་གྱི་ནང་པ་ཚོར་རྩལ་དུ་བཏོན་ནས་ངོ་སྤྲོད་དང་བསྟུན། ད་ཆ་རྒྱ་ནག་གཞུང་གིས་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་ནི་ལོ་རྒྱུས་དང་མཐུན་པའི་སྒོ་ནས་ཁྲིམས་སྒྲིག་ཚད་ལྡན་བཟོས་པ་བཅས་འུར་སྒྲོག་དང་མཚུངས། ཕྱི་རྒྱལ་གྱི་དགེ་འདུན་པ་ཚོས་ཀྱང་དགའ་མོས་དང་རྒྱ་ནག་གཞུང་ཀ་ངོ་དགའ་སྤྲེལ་ལད་འཁྲབ་པ་སྣ་ཚོགས་ཤིག་འཁོད་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།