གཏེར་ཁ་སྔོག་ཡུལ་ལ་འབྱོར་བར་ས་གནས་བོད་མིས་སེམས་ཁྲལ།
2014.08.05
2014-08-5 རྒྱ་ནག་གི་གཏེར་འདོན་ཁེ་ལས་ཚན་པའི་འབྲེལ་ཡོད་མི་སྣ་རླངས་འཁོར་དང་བཅས་བ་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གི་རྡོ་སོལ་ཡོད་སར་འབྱོར་འདུག
འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་དོན། ཁ་སང་ཕྱི་ཟླ་༨ ཚེས་༤ཉིན་རྒྱ་ནག་གི་གཏེར་ལས་སྔོག་འདོན་ཚན་པའི་འབྲེལ་ཡོད་མི་སྣ་ཁག་གཅིག་དང་རླངས་འཁོར་བཅས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ཁོངས་རྡོ་སོལ་གཏེར་ཁ་ཡོད་སར་འབྱོར་ཡོད་འདུག་ཅིང་། ཁོང་ཚོས་སླར་ཡང་ས་ཁུལ་དེའི་ནང་རྡོ་སོལ་སྔོག་འདོན་ཆེད་ཞིབ་འཇུག་གི་ལས་སྤེལ་འཆར་ཡོད་པར་བོད་མི་ཚོར་སེམས་ཁྲལ་བཟོ་བཞིན་ཡོད་འདུག གནས་ཚུལ་མཁོ་སྤྲོད་པ་དེས་མུ་འཐུད་བརྗོད་པར་གཞིགས་ན། ས་གནས་ཀྱི་བོད་མི་ཚོས་དེ་སྔོན་ཡང་རྡོ་སོལ་སྔོག་འདོན་གྱི་ལས་གཞིར་ངོ་རྒོལ་བྱས་ཡོད་ལ། ཐེངས་འདིར་ཡང་གལ་སྲིད་བོད་མིའི་བསམ་འཆར་ལ་བདག་སྤྲོད་མ་བྱེད་ཚེ་སླར་ཡང་ས་གནས་བོད་མི་ཚོས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་རྒྱུར་མ་གྲོས་གཅིག་མཐུན་ཡོང་བཞིན་ཡོད་འདུག
འདིའི་གོང་ཕྱི་ཟླ་༦ཚེས་༡༢ཉིན་ནང་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བཀྲིས་དར་རྒྱས་དང་། རྒྱ་ནག་གི་དཔོན་རིགས་ཁག་གཅིག་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ཏུ་སླེབས་སྟེ། ཡུལ་ཤུལ་ཁུལ་རིམ་པའི་ཐག་གཅོད་ལྟར་ནང་ཆེན་ཨ་དགེ་སྐྱིད་ལུང་དུ་ཡང་བསྐྱར་གཏེར་ཁ་སྔོག་འདོན་བྱ་རྒྱུའི་དུས་ཚོད་རན་ཟིན་པས་ས་གནས་ཡུལ་མི་ཚོས་དེར་འགོག་རྐྱེན་མི་བཟོ་བར་རྡོག་སོལ་སྔོག་འདོན་གྱི་ལས་གཞིར་མཐུན་འགྱུར་བྱེད་དགོས་པའི་བརྡ་ལན་ནན་པོ་སྤྲད་ཡོད་པ་རེད།
སྤྱི་ལོ༢༠༠༠་ལོ་ཙམ་ནས་གཏེར་འདོན་ཁེ་ལས་ཚན་པ་འདྲ་མིན་བརྗེ་སྤོར་བྱས་ནས་ས་གནས་དེའི་རྡོ་ སོལ་གཏེར་ཁ་སྔོག་འདོན་བྱས་བའི་སྐབས་སྙིགས་རོ་རྣམས་གང་ཡིན་སར་སྤུང་བ་སོགས་བྱས་པས་ཨ་དགེ་སྐྱིད་ལུང་གི་རྩྭ་ཐང་ལ་ཉམས་རྒུད་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། གཏེར་ཁ་སྔོག་འདོན་བྱས་པའི་ལོ་དེ་དག་དང་། ལྷག་པར་༢༠༠༩ལོ་ནས་མི་དང་སྒོ་ཕྱུགས་སེམས་ཅན་ལ་དེ་སྔ་ཕོག་མྱོང་མེད་པའི་ནད་འདྲ་མིན་ཕོགས་སྟེ་འཆི་སྐྱོན་བྱུང་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་འཕྲད་པ་རྒྱུ་མཚན་བགྲང་སྟེ་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ས་གནས་བོད་མི་དང་། དགོན་པ་ཁག་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་འགྱུར་བསྟན་པའི་རྐྱེན་གྱིས་རྡོ་སོལ་གཏེར་ལས་གནས་སྐབས་མཚམས་འཇོག་ཐུབ་པ་བྱུང་ཡོད་པ་རེད།
གསར་འགོད་པ་སྐལ་ལྡན་བློ་གྲོས་དང་ཀླུ་འབུམ།
2014-07-03
ཁུལ་རིམ་པའི་ཐག་གཅོད་ལྟར་ནང་ཆེན་ཨ་དགེ་སྐྱིད་ལུང་ནས་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་དགོས་པའི་ནན་སྐུལ་བྱས་འདུག
དེ་ཡང་བོད་ནས་འདི་གར་གནས་ཚུལ་འབྱོར་དོན། ཉེ་བའི་སྤྱི་ཟླ་༦པའི་ཚེས་༡༧ཉིན་ནང་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བཀྲ་ཤིས་དར་རྒྱས་དང་། རྒྱ་ནག་གི་འབྲེལ་ཡོད་ཚན་པའི་དཔོན་རིགས་ཁག་གཅིག་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ལ་འབྱོར་ནས། ཡུལ་ཤུལ་ཁུལ་རིམ་པའི་ཐག་གཅོད་ལྟར་ནང་ཆེན་ཨ་དགེ་སྐྱིད་ལུང་ནས་ཡང་བསྐྱར་རྡོ་སོལ་གཏེར་ཁ་སྔོག་འདོན་བྱེད་རྒྱུའི་དུས་རན་བཞིན་པ་ལྟར། ས་གནས་ཡུལ་མི་ཚོས་དེ་ལ་དགག་བྱ་མེད་པར་རྡོ་སོལ་སྔོག་འདོན་གྱི་ལས་གཞིར་མཐུན་འགྱུར་གནང་དགོས་པའི་ནན་བརྡ་སྤྲད་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་དོན། སྐབས་དེར་ས་གནས་ཀྱི་གནད་ཡོད་མི་སྣ་ཚོས། ས་གནས་ནས་རྡོ་སོལ་གྱི་གཏེར་ཁ་ཤུགས་ཆེན་སྔོག་འདོན་བྱས་བར་བརྟེན་ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་ཐེབས་པ་དང་། མི་དང་སྒོ་ཕྱུགས་སེམས་ཅན་ལ་གནོན་འཚེ་ཐེབས་པ་སོགས་ཀྱི་དཀའ་ངལ་འདྲ་མིན་འཕྲད་ཡོང་པ་མིག་མཐོང་ལག་ཟིན་ཡིན་པས་གཏེར་སྔོག་ལས་གཞི་སྤེལ་རྒྱུར་འདོད་པ་མེད་པའི་བརྡ་ལན་གསལ་བོ་སྤྲད་ཡོད་ཀྱང་། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཨ་དགེ་སྐྱིད་ལུང་གི་རྡོ་སོལ་ནི་ཡུལ་ཤུལ་ཁུལ་གྱི་ལས་བྱེད་མང་ཚོགས་ཀྱི་འཚོ་རྟེན་འབུད་ཤིང་ལྟ་བུ་ཡིན་པས་སྔོག་འདོན་བྱེད་དགོས་སྐོར་སོགས་ཕར་བཤད་ཚུར་བཤད་མང་པོ་བྱས་མཐར་ཁོང་ཚོ་ཉིན་དེར་ཕྱིར་ལོག་བྱས་སོང་ཅེས་དང་། ད་ལྟ་ས་གནས་ཡུལ་མི་ཚོས་གལ་སྲིད་མི་རིང་བར་རྡོ་སོལ་གཏེར་ཁ་སྔོག་འདོན་བྱས་བ་ཡིན་ན་སྔོན་ལྟར་ས་གནས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་དང་། མི་རྒྱུ་གཉིས་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པའི་བློ་འཚབ་བྱེད་བཞིན་ཡོད་པ་ངོ་སྤྲོད་བྱས་བྱུང་།
ཡུལ་ཤུལ་སྐྱེ་རྒུ་མདོ་ཁུལ་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་གོ་གཞུང་རུ་ཆེན་ཕྱོགས་ཀྱི་བོད་མི་རྣམས་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱོང་ཐབས་བྱེད་བཞིན་པ་དང་། སྤྱི་ལོ༢༠༠༠་ལོ་ཙམ་ནས་ཁེ་ལས་ཚན་པ་འདྲ་མིན་བརྗེ་སྤོར་བྱས་ནས་ས་གནས་དེའི་རྡོ་སོལ་གཏེར་ཁ་སྔོག་འདོན་བྱས་བའི་ལས་གཞིའི་འོག་སྙིགས་རོ་རྣམས་གང་ཡིན་སར་སྤུང་བ་སོགས་བྱས་པས་ཨ་དགེ་སྐྱིད་ལུང་གི་རྩྭ་ཐང་ལ་ཉམས་རྒུད་ཧ་ཅང་ཆེན་པོ་བྱུང་བ་མ་ཟད། གཏེར་ཁ་སྔོག་འདོན་བྱས་པའི་ལོ་དེ་དག་ལྷག་པར་༢༠༠༩ལོ་ནས་མི་དང་སེམས་ཅན་ལ་ན་ཚ་འདྲ་མིན་ཕོག་པ་དང་། དུས་མིན་འཆི་བ་སོགས་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་བྱུང་བ། དར་མ་ལོ་ཆུང་རྣམས་ཀྱི་ཁྲག་ཤེད་མཐོ་པོར་གྱུར་ནས་ལོ་གཅིག་གི་ནང་ལ་ཆ་སྙོམས་མི་ གྲངས་༥ནས་༡༠བར་འཆི་བ་མ་ཚད་བྱིས་བ་རྣམས་སྐྱེས་དུས་མ་ཡིན་པར་སྐྱེ་བ་དང་འཆི་བ་སོགས་མདོར་ན་ཕྱིའི་ཁོར་ཡུག་དང་ནང་སེམས་ཅན་ལ་ནག་ཉེས་ཆེན་པོ་བཟོས་པའི་གནས་སྟངས་མ་བཟོད་པར་ས་གནས་བོད་མི་དང་། དགོན་སྡེ་ཁག་བཅས་ནས་རབ་དང་རིམ་པར་མི་འདོད་ངོ་རྒོལ་བྱས་བ་ལ་བརྟེན་དེ་སྔོན་མཚམས་འཇོག་ཐུབ་ཙམ་བྱུང་བ་ཡིན་འདུག
གསར་འགོད་པ་ཀླུ་འབུམ།