བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཡོང་ཆེད་ཨའོསི་ཊརེ་ལི་ཡ་ལྟ་བུའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དགོས་གལ་ཆེ་བ།
ཕྱི་་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་རྗེས་འདི་ལོ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་ཞུ་གི་ཡོད་ཀྱང་། རྒྱ་ནག་གཞུང་གི་དྲག་གནོན་འོག་བོད་ནང་མི་མང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་བྱེད་ཐབས་བྲལ་ཡོད་ཅིང་། རྒྱ་ནག་གིས་བོད་འཛམ་གླིང་དང་ཁ་བྲལ་དུ་གཏོང་རྒྱུའི་འབད་བརྩོན་ཤུགས་ཆེ་རུ་བཏང་སྟེ་དམ་དྲག་ཅན་གྱི་ལྟ་སྲུང་དང་སློབ་གྲའི་ནང་དུ་བོད་ཀྱི་སྐད་ཡིག་བཀག་སྡོམ། བོད་ནང་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་ཀྱི་རང་དབང་། ཆོས་ལུགས་ཀྱི་རང་དབང་ཡང་མེད་པར་བཟོ་ཡི་ཡོད་པར་ཕྱི་ཟླ་ ༣ ཚེས་ ༦ ཉིན་ཨའོསི་ཊརེ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ཌེ་ནིཡེལ་ གྷེཝ་ཤན་ (Daniela Gavshon) ལགས་ཀྱིས་ ABC བརྒྱུད་ལམ་སྟེང་དཔྱད་རྩོམ་སྤེལ་འདུག
ད་དུང་ཁོང་གིས་རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་ཤེད་ཀྱིས་བོད་རྒྱ་ནག་ཅན་དུ་གྱུར་ཐབས་ཀྱིས་ཉེན་རྟོག་དང་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་སྲིད་ཇུས་ལ་དོགས་པ་བྱེད་པའི་རྣམ་པ་ཐོན་རིགས་གང་རུང་བྱུང་སྐབས་འབྲེལ་ཡོད་ཚོ་བཀག་ཉར་དང་། བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་བཙན་འཁྲིད་བྱེད་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་སྐོར་བཀོད་འདུག
དཔྱད་རྩོམ་དེའི་ནང་ད་དུང་། རྒྱ་ནག་གིས་བོད་ནང་དུ་དྲག་གནོན་བྱེད་པའི་དམིགས་ཡུལ་ནི་བོད་ཀྱི་རིག་གཞུང་དང་སྐད་ཡིག ངོ་བོ་བཅས་མེད་པར་བཟོ་རྒྱུ་དང་། ཕྱི་ཕྱོགས་སུ་ཚོད་འཛིན་དང་མགོ་སྐོར་གཏོང་བའི་རྣམ་པ་ཞིག་སྟོན་རྒྱུ་དེ་ཡིན་ཞིང་། དཔེར་ན་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ནང་ཨའོསི་ཊརེ་ལི་ཡའི་གཞུང་ཚབ་ཆེན་མོ་ སིཀོཊ་དྷེ་ཝར་ (Scott Dewar) ལགས་ཀྱིས་བོད་ནང་འཚམས་གཟིགས་གནང་བ་ཡིན་ནའང་བོད་ནང་བཀག་སྡོམ་མེད་པའི་ཐོག་ནས་འཛུལ་ཞུགས་བྱེད་ཐུབ་པ་མེད་ཚེ། ཕྱི་འབྲེལ་འཚམས་གཟིགས་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་གནས་ཚུལ་ཕྱིར་མངོན་པ་ལས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ཞབས་འདེགས་ཞུ་རྒྱུའི་ཉེན་ཁར་གྱུར་ཡོད་པ་ཐེར་འདོན་གནང་འདུག
འདི་ལོའི་བོད་མི་སྒེར་ལངས་གསུམ་བཅུའི་དུས་དྲན་དང་འབྲེལ་ཨའོསི་ཊརེ་ལི་ཡའི་གཞུང་ལ་སྐད་ཆ་གཤོད་རྒྱུའི་གོ་སྐབས་ཡོད་པ་དང་ཆབས་ཅིག ཨའོསི་ཊརེ་ལི་ཡའི་གཞུང་ཚབ་སིཀོཊ་དྷེ་ཝར་ (Scott Dewar) ཡང་ན་ཕྱི་སྲིད་བློན་ཆེན་པེ་ནི་ཝོང་ (Penny Wong) གཉིས་ཀྱིས་བོད་མི་མང་ཚོགས་དང་མཉམ་དུ་མངོན་གསལ་དོད་པའི་སྒོ་ནས་མཇལ་འཕྲད་གནང་པ་ཡིན་ན། དེས་གདུང་སེམས་མཉམ་སྐྱེད་ཀྱི་བརྡ་ལན་ཤུགས་ཆེན་ཞིག་སྤྲོད་ཐུབ་ཀྱི་རེད་ཅེས་ཨོསི་ཊིལི་ཡའི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་འགན་འཛིན་ཌེ་ནིཡེལ་ གྷེཝ་ཤན་ (Daniela Gavshon) ལགས་ཀྱིས་ནན་བརྗོད་བྱས་འདུག
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤེས།