རྒྱ་ནག་ཏུ་ཟས་དུག་གིས་མི་ཤི་ནད་མནར།
2011.08.25
༄༅༎ཉེ་ཆར་ཀན་སུའུ་ཞེང་ཆེན་ནང་ཟས་ཕོག་ཏེ་མི་ཤི་བ་དང་ནད་མནར་བྱུང་བའི་དོན་རྐྱེན་ཐོན་པའི་རྗེས། སླར་ཡང་རྒྱ་ནག་གི་ཅིའང་ཤི་ ཞིང་ཆེན་ནང་མི་༤༨ ལ་ཟས་དུག་ཤོར་ཏེ་དེ་རིང་རེས་གཟའ་ཕུར་བུའི་ཉིན་སྨན་ཁང་དུ་ཛ་དྲག་གིས་བསྐྱལ་དགོས་བྱུང་བའི་སྐོར་ཅིའང་ཤི་ ཞིང་ཆེན་གྱི་ས་གནས་དཔོན་རིགས་ནས་བཤད་ཡོད་པ་རེད།
ཟས་དུག་ཤོར་བའི་ནད་པ་རྣམས། རེས་གཟའ་ལྷག་པའི་ཉིན་ཐན་ཧེ་ཞེས་པའི་ཟ་ཁང་དུ་ཟས་ཟས་པའི་རྗེས། གྲོད་ཁོག་ན་ཟུག་བཏང་བ་དང༌། ཞེ་མེར་་ལངས་པའི་ནད་རྟགས་ཐོན་པའི་སྐོར་ཀན་ཀྲུའུ་གྲོང་ཁྱེར་གྱི་དཔོན་རིགས་ནས་བཤད་ཡོད་ཅིང༌། ད་ལྟའི་ཆར་ཟས་དུག་ཤོར་བའི་རྒྱུ་རྐྱེན་ཇི་ལྟར་ཡིན་མིན་ཞིབ་འཇུག་བྱས་པར་གཞིགས་ན། ཁོང་ཚོས་ཁ་ལག་ནང་རྫས་ངན་ནམ་ཟས་གཙང་མ་མ་ཡིན་པ་ཟས་པའི་ངོས་འཛིན་བྱས་ཡོད་ཅིང༌། འོན་ཀྱང་ཀན་ཀྲུའུ་གྲོང་ཁྱེར་གཞུང་གིས། ཞིབ་འཇུག་རུ་ཁག་ཅིག་ཆེད་གཏོང་བྱས་ཏེ། གནས་ཚུལ་ཞིབ་ཕྲ་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།
དེ་བཞིན་དུ་རེས་གཟའ་ལྷག་པའི་ཉིན་ཀན་སུའུ་ཞིང་ཆེན་ནང༌དུ་དོན་རྐྱེན་གཅིག་མཚུངས་བྱུང་སྟེ། རྫས་ངན་ལྡན་པའི་ཁ་ལག་ཟས་པའི་རྗེས། མི་གསུམ་རྐྱེན་ལམ་དུ་ཕྱིན་པ་དང༌། མི་༤༠ ནད་མནར་གྱིས་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་དང༌། ད་དུང་རེས་གཟའ་སྤེན་པའི་ཕྱི་དྲོའི་ཚོུད་དྲུག་པ་ཙམ་ལ་ཤིང་ཅང་གི་གྲོང་ཁྱེར་ཧོ་ཏན་ནང་མི་གྲངས་༡༥༠ ལྷག་ཟས་དུག་ཕོག་པའི་ནད་རྟགས་ཐོན་པར་བརྟེན། ས་གནས་སྨན་ཁང་བསྐྱལ་དགོས་བྱུང་བ་དང༌། མི་བཅུ་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པའི་དོན་རྐྱེན་རིམ་པ་བཞིན་ཐོན་ཡོད་པ་རེད། རྒྱ་ནག་ནང་ཟ་བཅའི་རིགས་ལ་མིའི་བདེ་ཐང་ལ་གནོད་གཞིའི་དུག་རྫས་བསྲེག་ལྷད་བཏང་སྟེ། ཚོང་འགྲེམས་བྱེད་པའི་གནས་ཚུལ་ནི་རྒྱུན་ལྡན་དུ་ཐོན་པ་ཞིག་ཡིན་ཞིང༌། དེའི་ནང་ནས་རྒྱ་ནག་མི་དམངས་ནང་བློ་འཚབ་ཆེ་ཤོས་བྱེད་དགོས་པའི་དོན་རྐྱེན་ཆེན་པོ་ཞིག་ནི། ཕྲུ་གུའི་འོ་ཙམ་ནང་དུག་རྫས་བསྲེས་ལྷད་བཏང་སྟེ། ཕྲུ་གུ་ཤི་བ་དང་བདེ་ཐང་ལ་གནོད་འཚེ་བཟོས་པ་དེ་ཡིན་ཞིང༌། ད་རེས་རྒྱ་ནག་ནང་དུ་ཟས་དུག་གི་དོན་རྐྱེན་རིམ་པ་ཐོན་ཏེ། མི་ཤི་བའི་ཚབས་ཆེ་བའི་དོན་རྐྱེན་དེ་ཡིས། ཟ་ཁང་ནང་ཁ་ཟས་གང་བྱུང་ཟ་རྒྱུ་མེད་པའི་དོགས་ཟོན་གྱི་ཉེན་བརྡ་ཞིག་ཡིན་པ་རེད།