ཁེ་ན་དྲའི་ངོས་ནས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ།
2011.08.14
༄༅༎ཁེ་ན་དྲའི་ངོས་ནས་རྒྱ་ནག་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་ཁེ་ན་དྲིའི་ཕྱི་སྲིད་བློན་ཆེན་ནས་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཁེ་ན་དྲེའི་ཕྱི་སྲིད་བློན་ཆེན་འཇོན་སྦ་ཡེདྲ་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁུངས་ནས་བཅར་འདྲི་དང་ལན་ཞུས་པའི་སྐབས་ཁོང་གིས། ང་ཚོ་རྒྱལ་ཁབ་གཉིས་དབར་མི་མཐུན་པའི་གནད་དོན་འགའ་ཤས་ཡོད་རེད། ཡིན་ནའང་ཕྱོགས་གཉིས་ཀའི་ཐོག་ནས་གཞི་རྩའི་འབྲེལ་བ་གཏན་པོ་བཟོས་ཡོད་སྟབས་གྲོས་མོལ་ལྷུག་པོ་དང་ཕན་ཚུན་གུས་བརྩིའི་ཐོག་ནས་འབྲེལ་བ་དམ་ཟབ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་པ་དང་ཆབས་ཅིག་ཁོང་འདས་པའི་ལོ་གཉིས་གོང་རྒྱ་ནག་ལ་ཕེབས་པའི་དུས་ཚོད་ནས་ད་ལྟའི་བར་ཧ་ཅང་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་པོ་འདུག་ཅེས་རྒྱ་ནག་གི་འཛུགས་སྐྲུན་ཡར་རྒྱས་ལ་བསྔགས་བརྗོད་ཀྱང་གནང་ཡོད་འདུག ཡང་ཕྱི་སྲིད་བློན་ཆེན་མཆོག་གིས། དེ་སྔ་ཕྱི་ལོ་ ༢༠༠༥ ལོར་རྒྱ་ནག་དང་ཁེ་ན་དྲ་གཉིས་དབར་ཐབས་བྱུས་གཅིག་བསྒྱུར་གྱིས་འབྲེལ་ལམ་བཟོས་པ་ནས་བཟུང་ཕྱོགས་གཉིས་ཀར་ཕན་ཐོག་བྱུང་ཡོད་རེད་ལ་ད་དུང་མུ་མཐུད་ནས་རྒྱ་ནག་དང་མཉམ་གང་ས་ཅིའི་ཐད་ནས་འབྲེལ་བ་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཁེ་ན་དྲ་ནི་རྒྱ་ནག་གི་ཕྱི་ཚོང་གི་ཚོང་འབྲེལ་བྱེད་ཡུལ་གལ་ཆེའི་རྒྱལ་ཁབ་ཅིག་ཀྱང་ཆགས་ཀྱི་ཡོད་པའི་སྐོར་ཡང་གསུངས་ཡོད་འདུག