སིང་ག་པུར་གྱི་ཕྱི་སྲིད་བློན་ཆེན་བོད་ནང་ཕེབས་ཡོད་པ།
2009.08.26
༄༅༎སིང་ག་པུར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་ནང་རིག་གཞུང་ལ་དོ་ཕོག་མི་འགྲོ་བའི་ཐོག་ནས་འཛུགས་སྐྲུན་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད་འདུག
དེ་ཡང་སིང་ག་པུར་གྱི་ཕྱི་སྲིད་བློན་ཆེན་མཆོག་ཉིན་གྲངས་བརྒྱད་ཙམ་རིང་རྒྱ་ནག་ཏུ་གཟིགས་བསྐོར་གནང་བའི་ཞོར་དུ་བོད་ནང་དུའང་གཟིགས་བསྐོར་ཕེབས་པ་མ་ཟད་བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་དང་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད། ཁ་ས་ལྷ་ས་ནས་ཕེབས་ཐོན་མ་གནང་གོང་ཙམ་ལ་གསར་འགོད་པས་བཅར་འདྲི་དང་ལན་གནང་བའི་སྐབས་ཁོང་གིས་བོད་འདི་བཞིན་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འབྲེལ་བའི་འཕེལ་རིམ་ཐོག་གནད་དགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་ལ་དེ་བས་ཡུལ་དེ་གཉིས་ནི་ཨེ་ཤེ་ཡའི་མ་འོངས་པའི་ཁ་ཕྱོགས་འགྱུར་མཁན་ཞིག་ཡིན་པར་བརྟེན་བོད་ཀྱི་དངོས་ཡོད་གནས་སྟངས་དང་ལྷག་པར་དུ་སྔ་ལོ་ལྷ་སའི་ནང་དོན་རྐྱེན་བྱུང་བའི་རྗེས་སུ་གནས་ཚུལ་ངོ་མ་ཤེས་རྟོགས་ཐུབ་རྒྱུ་གལ་ཆེན་པོ་མཐོང་བྱུང་ཞེས་གསུངས་པ་མ་ཟད་བོད་རང་སྐྱོང་ལྗོངས་ཀྱི་དཔོནརིགས་རྣམས་མཇལ་འཕྲད་གནང་བའི་སྐབས་ཁོང་ཚོས་བོད་ཀྱི་དཀའ་རྙོག་རྣམས་སེལ་འདོད་དང་བཙན་བྱོལ་དུ་ཡོད་པའི་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཐི་མཐུན་པའི་གནད་དོན་བཅས་ཀྱི་ཐོག་གྲོས་བསྡུར་ལྷུག་པོ་བྱེད་རྒྱུའི་འདོད་པ་ཡོད་པའི་གཟིགས་ཚུལ་བྱུང་ཞེས་གང་ལྟར་ད་རེས་སིང་ག་པུར་གྱི་ཕྱི་སྲིད་བློན་ཆེན་མཆོག་ནས་བོད་ནང་གཟིགས་བསྐོར་ཕེབས་པའི་རྗེས་ཕྱོགས་གཅིག་ནས་བོད་ནང་རྒྱ་ནག་ནས་དྲིལ་བསྒྲགས་བྱེད་པ་བཞིན་ཡར་རྒྱས་བཏང་ཡོད་པའི་གནས་ཚུལ་རྣམས་ཕྱི་ཕྱོགས་ནས་བསམ་ཤེས་ཐུབ་པ་དགོས་རྒྱུའི་སྐོར་གསུངས་པ་དང་ཆབས་ཅིག་བོད་ནང་ཡར་རྒྱས་གཏོང་བའི་སྐབས་བོད་མིའི་ཆོས་དང་རིག་གཞུང་ཐོག་ལའང་དགོངས་པ་བཞེས་པ་ཡིན་ན་ད་ལྟའི་རྙོག་ཁྲ་མང་པོ་དེ་འགོག་ཐུབ་པ་ཞིག་ཡིན་པའི་སྐོར་ཡང་དགོངས་ཚུལ་ལྷུག་པོ་གསུངས་ཡོད་འདུག དེ་སྔ་ཕྱི་ལོ་༡༩༩༠ལོར་སྐབས་དེའི་སིང་ག་པུར་གྱི་སྲིད་བློན་གཞོན་པ་བོད་ནང་ཕེབས་པའི་རྗེས་སུ་ཡུལ་དེའི་དབུ་འཁྲིད་བོད་ནང་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།