རྒྱ་གར་ཤར་ཁུལ་དུ་ཆུ་ལོག་གི་བགེགས་བར།
2011.09.12
༄༅༎རྒྱ་གར་ཤར་ཕྱོགས་ཁུལ་ལ་དབྱར་ཀའི་ནམ་དུས་ཀྱི་ཆར་པ་ཤུགས་ཆེ་བཏང་བའི་ཉེར་ལེན་ལ་བརྟེན་ནས་ཆུ་ལོག་དང་ཆུ་རུད་རྒྱབ་སྟེ་ ཨོ་རི་ས་མངའ་སྡེའི་ཁུལ་མི་གྲངས་ ༡༨ ཙམ་རྐྱེན་ལམ་དུ་སོང་ཡོད་པ་དང་ མི་གྲངས་འབུམ་གཅིག་བརྒལ་བ་སོ་སོའི་སྡོད་གནས་ནས་ གནས་སྤོས་བྱེད་དགོས་ཆགས་ཡོད་པ་རེད་ ཨོ་རི་ས་མངའ་སྡེའི་གཞུང་གི་འབྱུང་བའི་གོད་ཆགས་འགན་སྲུང་བློན་ཆེན་སུར་ཡ་ན་ར་ཡན་པ་ཏྲ་ཞུ་བས་དེ་རིང་ཨཻ་ཨེཕ་པི་གསར་ལས་ཁང་ལ་གསུང་དོན་ལྟར་ན་ ཆར་ཆུ་རྒྱས་པའི་ཉེར་ལེན་ལ་བརྟེན་ནས་ད་བར་མི་གྲངས་ ༡༨ རྐྱེན་ལམ་དུ་སོང་ཟིན་ཡང་ ད་དུང་ཆར་ཤུགས་ཆེན་པོ་བཏང་དང་གཏོང་བཞིན་པའི་ཁོར་ཡུག་འོག་མི་གྲངས་ ༦ ཙམ་ཡང་ གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ ཨོ་རི་ས་མངའ་སྡེའི་གཞུང་གི་དམིགས་བསལ་རོགས་སྐྱོབ་ལས་ཁུངས་འགན་འཛིན་པར་རྡིཔ་ཀུ་མའར་མོ་ཧ་པ་ཏྲས་ གསར་འགོད་པར་གནས་ཚུལ་འགྲེལ་བཤད་གནང་བ་ལྟར་ན་ ད་ལྟ་བར་གྲོང་གསེབ་གྲངས་ ༨༧༧ ཙམ་ ཆུའི་འོག་ཏུ་རྦད་དེ་དིམ་ཡོད་པ་དང་ ཁང་པ་གྲངས་སྟོང་ཕྲག་ ༡༡ ཙམ་ལ་གནོད་སྐྱོན་བཏང་ཡོད་པ་རེད་ དེ་ག་ནང་བཞིན་རྒྱ་གར་ནང་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་འགན་འཛིན་ཇོན་རོཆ་ཡིས་གསུང་དོན་ལྟར་ན་ ཨོ་རི་སའི་མི་མང་སྟོང་ཕྲག་མང་པོའི་ཁང་པ་དང་ ཟས་གོས་གནས་མལ་རྩ་མེད་ཕྱིན་ཡོད་པ་དང་ འཚོ་རྟེན་སླད་ལས་གླ་རྒྱུགས་མཁན་མང་པོ་གྲོང་ཁྱེར་ཁག་ཏུ་གཞིས་སྤོས་བྱེད་དགོས་ཆགས་ཡོད་པ་རེད་