སི་ཁྲོན་གཡག་རྔ་གྲོང་ཁྱེར་གྱི་ཁོངས་སུ་ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་༣༠གར་སོང་ཆ་མེད་གྱུར་འདུག
སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་ཁོངས་སུ་དྲག་ཆར་བབས་རྐྱེན་ས་རུད་དང་ཆུ་ལོག་གི་གནོད་འཚེ་འོག་ས་གནས་སུ་འཕྲིན་གཏོང་དང་གཞུང་ལམ། ཟམ་པ་སོགས་ཆད་པའི་གནོད་འཚེ་འདིའི་ཁྲོད་མི་༣༠ལྷག་གར་སོང་ཆ་མེད་གྱུར་པ་དང་། མྱུར་སྐྱོབ་ཁྲོད་ཕུང་པོ་༨རྙེད་སོན་བྱུང་འདུག
དེ་ཡང་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་བདུན་པའི་ཟླ་སྨད་ནས་ཕྱི་ཟླ་བརྒྱད་པའི་ཟླ་སྟོད་ཀྱི་འབྲུབ་ཆུ་འགོག་པའི་འགག་རྩའི་དུས་སུ་སླེབས་པ་དང་། རྒྱ་ནག་གི་ས་ཆ་མང་པོ་ཞིག་ལ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཐོན་པ་མང་བའི་དུས་ཡིན་པ་ལྟར། ཕྱི་ཟླ་བདུན་པའི་ཚེས་༢༠ཉིན་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་ཤིན་ཧྭ་གྲོང་ཚོར་དྲག་ཆར་བབས་པའི་རྐྱེན་གྱིས་ས་རུད་དང་ཆུ་ལོག་གི་གནོད་འཚེ་ཁྲོད། ས་གནས་སུ་འཕྲིན་གཏོང་དང་གཞུང་ལམ། ཟམ་པ་སོགས་ཆད་པ་མ་ཟད། མི་༣༠་ལྷག་ལ་འབྲེལ་བ་ཆད་ནས་རྙེད་སོན་མ་བྱུང་གར་སོང་ཆ་མེད་སོང་བ་དང་། མྱུར་སྐྱོབ་ཁྲོད་མི་༨ཀྱི་ཕུང་པོ་རྙེད་པ། གནོད་འཚེ་ཕོག་པའི་མང་ཚོགས་༤༡༢ཙམ་བདེ་འཇགས་ངང་གནས་སྤོས་བྱས་ཟིན་པའི་སྐོར་སོགས་བཀོད་འདུག
ད་དུང་གནས་ཚུལ་ནང་། ཆུ་ལོག་གི་གནོད་འཚེ་འབྱུང་སླ་བའི་ས་ཁུལ་གྱི་ས་དབྱིབས་ནི་རྟག་ཏུ་རི་མཐོན་པོ་དང་ཐུར་གཟར་པོ། གྲོག་རོང་ཟབ་མོ་བཅས་ཡིན་ཞིང་། རྒྱ་ནག་གི་སི་ཁྲོན་དང་ཡུན་ནན། ཀུའེ་ཀྲོའུ་ཞིང་ཆེན་སོགས་ས་ཁུལ་དུ་ཆུ་ལོག་དང་རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་སླ་པོ་ཡོད་པ་དང་། ཆུ་ལོག་དང་ས་རུད་སོགས་རང་བྱུང་གི་གནོད་འཚེ་མང་ཆེ་བ་ནི་དྲག་ཆར་ལས་བྱུང་བར་བརྟེན་ནས་བྱུང་གི་ཡོད་པ་དུས་ཚིགས་ཀྱི་རང་བཞིན་ལྡན་པ་དེ་ཡང་ཕྱི་ཟླ་དྲུག་པ་ནས་ཕྱི་ཟླ་བརྒྱད་པའི་བར་ཆུ་ལོག་སོགས་ཀྱི་གནོད་སྐྱོན་ཆེ་ཤོས་ཀྱི་དུས་ཚིགས་ཡིན་པ་རེད།
སི་ཁྲོན་གཡག་རྔ་གྲོང་ཁྱེར་ཁོངས་སུ་རབ་རྒྱས་ཡུལ་ཚོ་འམ་གཡང་སྐྱིད་ཡུལ་ཚོ་ཟེར་བའི་ཡུལ་ཚོ་ཞིག་ཡོད་ཅིང་། ཡུལ་ཚོ་དེའི་འོག་ལ་ལྕང་ལོ་དང་དཀར་རི། ཚེ་དཀར། ལེགས་སོ། རྒྱ་ལ་བཅས་གྲོང་སྡེ་ལྔ་དང་། ཆོས་འཁོར་རབ་རྒྱས་གླིང་ཞེས་པའི་དགེ་ལུགས་པའི་དགོན་པ་ཞིག་ཀྱང་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་ཁུལ་དེར་ཆུ་འོག་སོགས་ཀྱི་གནོད་འཚེ་ཐེབས་ཡོད་མེད་གསལ་བོ་མི་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།