མང་ར་རྫོང་གི་ཆུ་ལོག་གནོད་ཐེབས་ཡུལ་མི་ཚོར་སྲིད་གཞུང་གི་རོགས་སྐྱོར་མེད་པ་དང་བཟའ་ཆས་ཉོ་བར་མི་གཏོང་བ་སོགས་ཀྱི་བཀའ་ངལ་འཕྲད་བཞིན་ཡོད་འདུག

ཉེ་སྔོན་ཕྱི་ཟླ་༨ཚེས་༢༡ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་དུ་སེར་ཆར་རྐྱེན་གྱིས་ཆུ་ལོག་བྱུང་སྟེ། མང་ར་རྫོང་གོང་བ་སྡེ་བ་དང་རུ་མང་སྡེ་བ་ཞེས་པའི་འབྲོག་སྡེ་གཉིས་སུ་ཆུ་ལོག་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ས་གནས་དེའི་འབྲོག་པ་ཚོ་ཕྱིར་གྲོང་ཚོའི་སྡོད་ཁང་ནང་ལོག་བཅུག་གི་མེད་པར། ཡུལ་མི་ཚོ་གནས་སྐབས་རི་མགོ་སོགས་ནས་གུར་ཕུབས་སྟེ་བསྡད་ཡོད་ཀྱང་། བཟའ་ཆས་རིགས་ཉོ་མི་ཐུབ་པ་དང་། ས་གནས་སྲིད་གཞུང་དང་ཞིང་ཆེན་རིམ་པའི་རོགས་སྐྱོར་རིགས་གང་ཡང་མེད་པའི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཡུལ་མི་ཚོར་དྲ་ལམ་ཁག་ཏུ་གནས་ཚུལ་གང་བྱུང་ཁྱབ་སྤེལ་དང་། ས་གནས་ཀྱི་ཆུ་ལོག་གནས་ཚུལ་གྱི་པར་རིས་དང་བརྙན་སོགས་བརྒྱུད་བསྐུར་མི་ཆོག་པ་བརྗོད་ཡོད་པ། བོད་ནང་དང་བཙན་བྱོལ་ནང་གི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
སྤྱིར་ད་ལྟའི་ཆར་མཚོ་སྔོན་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་ཡོད་ཀྱང་། མང་ར་རྫོང་དུ་ཉེ་སྔོན་ཕྱི་ཚེས་༢༨ཉིན་ཡུལ་སྐོར་བ་གཅིག་ལ་ནད་རྟགས་ཐོན་རྗེས། རྫོང་ཡོངས་ཀྱི་ས་གནས་ཚང་མ་ཕྱི་ཟླ་༩ཚེས་༣བར་འགྲོ་སྐྱོད་བཀག་བསྡོམས་བྱས་ཡོད་པ་དང་། གོང་ཞུས་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས། ད་ལྟའི་ཆར་གནོད་སྐྱོན་ཐེབས་ཁུལ་དང་དེའི་གྲོང་ཚོ་སོགས་སུ་ནད་རྟགས་ཅན་གཅིག་ཀྱང་མེད་ན་ཡང་། ཉེ་སྔོན་རིམས་ནད་མ་ཐོན་སྔོན་ནས་ཕར་ཚུར་གཏོང་གི་མེད་པ་དང་། གཞན་ཡང་རོགས་སྐྱོར་བྱེད་མཁན་དང་གནོད་ཐེབས་ས་ཁུལ་གྱི་སེམས་ཅན་ཤི་བའི་གྲངས་དང་རྒྱུ་ནོར་གྱོང་གུད་སོགས་ཀྱི་བསྡོམས་འབོར་ཐད་ལས་ཀ་བྱེད་མཁན་གཅིག་ཀྱང་མེད་པ་མ་ཟད། མཐའ་ན་གནས་ཚུལ་དེའི་སྐོར་གསར་ལམ་ཁག་ཏུ་སྤེལ་མཁན་བྱུང་མེད་པ་དང་། ས་གནས་སྲིད་གཞུང་གིས་ཡུལ་མི་ཚོར་ཏོག་དབྱིབས་རིམས་ནད་ཀྱི་དཀའ་ངལ་ཡོད་པས། གྲོང་ཚོའི་ནང་ཡོང་མི་བཅུག་པར་བཀག་འགོག་བྱས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་ཆུ་ལོག་དང་འབྲེལ་ཁྱིམ་ཚང་གཉིས་ཀྱི་མི་སྣ་༥རྐྱེན་འདས་དང་སེམས་ཅན་གྲངས་༢༠༠༠ལ་ཤི་སྐྱོན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ནས་ཡུལ་མི་ཚོ་གྲོང་ཚོའི་སྡོད་ཁང་ནང་གཏོང་གི་མེད་པ་དེས། ཁྱིམ་ཚང་མང་པོའི་རྒས་འཁོག་ཚོ་སྡོད་ཁང་དུ་བསྡད་ཡོད་པས། ཁོང་ཚོར་ལྟ་རྟོགས་བྱེད་པར་འགྲོ་མི་ཐུབ་པའི་དཀའ་ངལ་ཡོང་གི་ཡོད་འདུག་ལ། གཞན་ཡང་ཁྱིམ་ཚང་ཁག་ཅིག་གི་སྒོ་ཕྱུགས་སེམས་ཅན་ཚང་མ་རྩ་མེད་དུ་སོང་བ་དང་། ཆུ་ལོག་རྐྱེན་གྱིས་བཟའ་བཅའ་རིགས་འཕྲོ་བརླགས་ཕྱིན་པ་དང་། ད་ལྟའི་ཆར་བོད་ནང་སྟོན་ཁའི་དུས་ཚིགས་ཡིན་པས་གནམ་གཤིས་གྲང་རུ་ཕྱིན་པ་སོགས་དཀའ་ངལ་མང་དག་ཅིག་ཡོང་གི་ཡོད་འདུག
སྤྱིར་འདི་ལོ་བོད་ནང་གི་གསེར་ཁོག་དང་བླ་བྲང། རེབ་གོང་སོགས་སུ་ཆུ་ལོག་དང་། ཡང་ས་ཁུལ་ཁག་ཅིག་ནང་ཐན་པ་བྱུང་བ་དང་ས་ཡོམ་བརྒྱབ་པ་སོགས་རང་བྱུང་གི་འཇིགས་པ་མང་དག་ཅིག་ཡོང་གི་ཡོད་པ་དང་། ཉེ་སྔོན་ཕྱི་ཚེས་༢༥ཉིན་ནས་བཟུང་རྒྱ་ནག་གཞུང་འབྲེལ་གྱིས་བོད་ནང་གི་མཚོ་ཤར་ས་ཁུལ་དུ་མུ་མཐུད་ཆར་ཞོད་ཆེན་པོ་འབབ་རྒྱུ་དང་། ཆུ་ལོག་ཡོང་རྒྱུ་ཡིན་པའི་ཉེན་བརྡ་སོགས་བཏང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།