གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་རྒྱ་ནག་ཉམས་ཞིབ་པ་Adrian Zenz་དང་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པར་ཐོབ་ཡོད་པ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། དེ་རིང་ཕྱི་ཚེས་༡༥ཉིན་ཇར་མན་གྱི་Berlinགྲོང་ཁྱེར་དུ་Berlin ཁོར་ཡུག་གླེང་སྟེགས་ཞེས་པའི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས། འདི་ལོ་༢༠༢༢ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གངས་སེང་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ཏེ། ཐེངས་འདིའི་གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་དེ་བཞིན་རྒྱ་ནག་ཉམས་ཞིབ་དང་མི་རྒྱུད་དཔྱད་རིག་པ་Adrian Zenz ཞུ་བ་དང་ཡང་བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པ་གཉིས་ལ་འབུལ་བཞེས་གནང་འདུག
གཟེངས་རྟགས་མཉམ་དུ་ཡུ་རོ་Euro གསུམ་སྟོང་བྱ་དགའ་གནང་གི་ཡོད་ཅིང་། གངས་སེང་གཟེངས་རྟགས་དེ་བཞིན་་མི་སྒེར་དང་ཚོགས་པ་སྒྲིག་འཛུགས་སུ་རུང་གིས་རྒྱ་ནག་དང་། བོད། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཧོང་ཀོང་དང་། ཐེ་ཝན་བཅས་ཀྱི་གནད་དོན་ཐོག་ཆབ་སྲིད་དང་སྤྱི་ཚོགས་དང་རིག་གཞུང་གང་གི་ཐད་ནས་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་འདེམས་སྒྲུགས་གནང་སྟེ་བྱ་དགའ་གནང་སྲོལ་འདུག ད་རེས་ཀྱི་བྱ་དགའ་བཞེས་མཁན་Adrian Zenz ཞུ་བ་ཁོང་གིས་ཤར་ཏུར་ཀི་སི་ཐན་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཇི་ལྟར་བཏང་དང་གཏོང་བཞིན་པའི་གནས་ཚུལ་ཐེར་འདོན་གནང་བ་མ་ཟད།
ཡུ་གུར་ཁ་ཆེ་མི་རིགས་ལ་བཙན་བཤེད་ཀྱི་ངལ་རྩོལ་ཇི་ལྟར་སྐུལ་བ་སོགས་ལོ་མང་རིང་ཉམས་ཞིབ་ཀྱིས་བདེན་དཔང་ར་སྤྲོད་ཐུབ་པའི་གནས་ཚུལ་ཐེར་འདོན་གནང་འདུག
གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཞེས་མཁན་གཉིས་པ་ནི། བོད་ཀྱི་གློག་བརྙན་དུས་སྟོན་ཞེས་པ་ཡིན་ཞིང་། དེ་སྔ་༢༠༠༨ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་བོད་ནང་གི་བོད་མིས་ཨོ་རྩལ་འགྲན་ཚོགས་སྐོར་ལ་སེམས་ཚོར་ངོ་མ་ཇི་ཡིན་གྱི་གློག་བརྙན་བཟོ་བསྐྲུན་གནང་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོས་པའི་མཇུག་འབྲས་སུ། བོད་ཀྱི་གློག་བརྙན་དུས་སྟོན་ཕྱི་ལོ་་༢༠༠༩ནས་བཟུང་བཞུགས་སྒར་རྡ་རམ་ས་ལ་དང་། སུས་སི། ཇར་མ་ནི། དབྱིན་ཡུལ་ལ་སོགས་པ་རུ་ལོ་ལྟར་གོ་སྒྲིག་ཞུ་བཞིན་ཡོད་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག