རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་ཆེན་དང་པོ།
2016.04.25

༄༅།།ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་ཉིན་གྲངས་གསུམ་རིང་ཚོགས་པའི་རྗེས་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཚོགས་ཆེན་གྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་བྱས་པ་ཡིན་ན་བོད་རང་བཙན་གྱི་རྒྱལ་ཁབ་ཤིག་ཡིན་པའི་ཁྱབ་བསྒྲགས་གནང་འདུག་།བོད་ཀྱི་བང་ཆེན་དྲ་ལམ་གྱི་བརྒྱུད་ནས་གནས་ཚུལ་སྤེལ་དོན་ལྟར་ན།ཨ་རི་དང་།ཨོ་སི་ཌོ་ལི་ཡ།ཡུ་རོབ།ནིའུ་ཛི་ལན་ཌི།ཨི་སི་རལ།རྒྱ་གར།ཧོང་ཀོང།ཐེ་ཝན་སོགས་ནས་ཕེབས་པའི་བོད་རྒྱ་མི་སྣ་བརྒྱ་དང་ལྔ་བཅུ་ཙམ་རྒྱལ་ས་ཐའེ་པེ་རུ་ཕྱི་ཚེས་༢༢ནས་ཉིན་གྲངས་གསུམ་གྱི་རིང་དུ་འདུ་འཛོམས་གྲོས་མོལ་གནང་ཡོད་ཅིང་།ཁོང་རྣམས་ཀྱིས་ཉིན་གྲངས་གསུམ་གྱི་བགྲོ་གླེང་གི་གྲུབ་འབྲས་ཀྱི་ཚུལ་དུ་ཕྱི་ཚེས་༢༤ཉིན་མཐའ་མའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་གནང་ཡོད་ཅིང་།བསྒྲགས་གཏམ་དེའི་ནང་ཚོགས་འདུའི་ཐུན་མོང་གི་ངོས་འཛིན་དང་འབོད་བསྐུལ་རིམ་པ་ཁག་གཅིག་བཀོད་གནང་འདུག ལྷག་དོན་དུ་ཐུན་མོང་གི་ངོས་འཛིན་གནང་བའི་ནང་བོད་ནི་དངོས་དོན་གཞིར་བཟུང་བྱས་པ་ཡིན་ན་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཤིག་ཡིན་པ་ངོས་འཛིན་གནང་འདུག དེ་བཞིན་མི་རིགས་རང་ཐག་རང་གཅོད་ནི་བོད་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་པ་ཁྱབ་བསྒྲགས་དེའི་ནང་བཀོད་གནང་འདུག དེ་བཞིན་བསྒྲགས་གཏམ་དེ་ཉིད་ནང་འབོད་བསྐུལ་རིམ་པ་ཁག་བཞི་གནང་ཡོད་ཅིང་།དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་བསྐུལ་དང་།རྒྱ་ནག་གཞུང་ལ་འབོད་བསྐུལ།བོད་མིའི་སྒྲིག་འཛུགས་ལ་འབོད་བསྐུལ་དང་།གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ལ་འབོད་བསྐུལ་གནང་འདུག ལྷག་དོན་དུ་རྒྱ་ནག་ལ་འབོད་བསྐུལ་གནང་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་ངོས་འཛིན་གྱི་སྐུ་དབང་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་སྐུ་དབང་ཁོ་ན་ཡིན་པ་སོགས་བཀོད་གནང་འདུག།གསར་འགོད་པ་ཀརྨ་རྡོ་རྗེ།