ཡུ་རོབ་བོད་རིགས་མི་མང་འཐུས་མིའི་ཚོགས་ཆེན་དང་པོའི་སྐོར།
2008.10.13
༄༅༎ཕྱི་ཚེས་བཅུ་གཅིག་དང་བཅུ་གཉིས་ཉིན་གཉིས་རིང་བསྐྱངས་པའི་ཡུ་རོབ་བོད་རིགས་མི་མང་གི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་དེའི་ནང་ཡུ་རོབ་མངའ་ཁུལ་བོད་རིགས་ཚོགས་པ་ཁག་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་བོད་ཀྱི་རྩ་དོན་ཆེད་སྔར་ལྷག་ནུས་ཤུགས་ཆེར་བསྐྱེད་འདོན་རྒྱུའི་གལ་ཆེའི་གྲོས་ཆོད་ཁག་ཅིག་བཞག་ཡོད་འདུག
སུད་སིའི་གྲོང་ཁྱེར་སྦ་སེལ་ནང་ལྷན་ཚོགས་གནང་བའི་བོད་རིགས་མི་མང་གི་འཐུས་མིའི་ཚོགས་ཆེན་དེར་ཡུ་རོབ་ཡུལ་གྲུ་བཅོ་ལྔ་ནས་འཐུས་མི་བརྒྱ་དང་ཉི་ཤུ་རྩ་བདུན་ཙམ་ལྷན་ཚོགས་སུ་ཞུགས་ཡོད་ཅིང་འཐུས་མི་ཚོགས་ཆེན་ནས་རྒྱ་ནག་གཞུང་ལ་བོད་ནང་བོད་མིའི་ཐོག་དྲག་གནོན་བྱེ་དབཞིན་པའི་སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་དགོས་པ་དང་བོད་ནང་གི་བོད་མིའི་གནས་སྟངས་ཡར་རྒྱས་དང་བོད་ཀྱི་རྩ་དོན་ལ་དོན་སྙིང་ལྡན་པའི་སྔོམ་འདུམ་འགྲིག་ཅིག་ཐུབ་ཐབས་སུ་བོད་རིགས་ཚོགས་པ་ཁག་ནས་འབྲེལ་ཡོད་ཡུ་རོབ་ཡུལ་ཁག་ལ་ཡུ་རོབ་མཐུན་ཚོགས་ཀྱི་བོད་ཀྱི་གནད་དོན་སེལ་ཐབས་ལ་འགན་འཁུར་ཆེད་དམིགས་བསལ་འབྲེལ་འཐུད་སྐུ་ཚབ་ཅིག་བསྐོ་བཞག་དགོས་པའི་ཞུ་འབུལ་གནང་རྒྱུའི་མཚོན་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་རེད་
དེ་ཡང་ལྷན་ཚོགས་ཀྱི་གྲོས་ཆོད་ནང་བོད་རིགས་མཐུན་ཚོགས་ཁག་ནས་བོད་ནང་གི་ཛ་དྲག་གི་གནས་བབ་དང་བསྟུན་ཡུ་རོབ་ཡུལ་ཁག་སོ་སོའི་ནང་ཆབ་སྲིད་ཀྱི་ལས་འགུལ་སྔ་ལྷར་ཤུགས་ཆེ་སྤེལ་རྒྱུ་དང་ཕྱོགས་མཚུངས་འཚར་ལོངས་བྱེད་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོར་རང་གི་ཆོས་དང་སྐད་ཡིག་རིག་གཞུང་སློབ་ཁྲིད་ཀྱི་ཆེད་ནུས་ལྡན་གྱི་ལས་འཆར་སྤེལ་རྒྱུའི་གྲོས་ཆོད་རིམ་པ་ཁག་ཅིག་བཞག་ཡོད་པ་དང་ད་རེས་ཡུ་རོབ་བོད་རིགས་མི་མང་གི་འཐུས་མིའི་ཚོགས་ཆེན་དེར་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གྱི་གསུང་འཕྲིན་ཞིག་ཀྱང་སྐབས་དེར་སྩལ་ཡོད་པ་མ་ཟད་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཆགས་ཀྱི་གནད་དོན་ཁག་ཀྱང་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་རེད།