བལ་ཡུལ་གྱི་གནམ་གྲུ་བོད་ཀྱི་རྒྱལ་ས་ལྷ་སར་ཤར་གཏོང་བྱ་རྒྱུ་དེ་ཕྱིའི་རྒྱལ་ཁབ་ཀྱི་གནམ་གྲུ་ལྷ་སར་ཤར་གཏོང་བྱས་པ་ཐེངས་དང་པོ་ཆགས་རྒྱུ་ཡིན་འདུག

2023.12.26
བལ་ཡུལ་གྱི་གནམ་གྲུ་བོད་ཀྱི་རྒྱལ་ས་ལྷ་སར་ཤར་གཏོང་བྱ་རྒྱུ་དེ་ཕྱིའི་རྒྱལ་ཁབ་ཀྱི་གནམ་གྲུ་ལྷ་སར་ཤར་གཏོང་བྱས་པ་ཐེངས་དང་པོ་ཆགས་རྒྱུ་ཡིན་འདུག ཕོ་བྲང་པོ་ཏ་ལའི་པར་རིས། ༢༠༢༣།༠༧།༠༨ ཉིན།
Reuters

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༨ ཉིན་ནས་བཟུང་། བལ་ཡུལ་ཧི་མ་ལ་ཡ་མཁའ་འགྲུལ་ཚོང་གཉེར་ཁང་གིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཊོ་ནས། བོད་ཀྱི་རྒྱལ་ས་ལྷ་སའི་གོང་དཀར་གནམ་ཐང་རྒྱུད་གནམ་གྲུ་ཤར་གཏོང་གིས། ལོ་རྒྱུས་ཁྲོད་ཕྱིའི་རྒྱལ་ཁབ་ཀྱི་གནམ་གྲུ་བོད་ཀྱི་རྒྱལ་ས་ལྷ་སར་ཤར་གཏོང་བྱས་པ་ཐེངས་དང་པོ་དེ་ཆགས་རྒྱུ་ཡིན་པ་དང་། བལ་ཡུལ་སྲིད་བྱུས་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་སན་ཊོ་ཤར་མཱ་ (Santosh Sharma) ལགས་ནས། བལ་ཡུལ་ནས་ལྷ་སར་བར་ཐད་གར་གནམ་གྲུ་ཆེད་གཏོང་བྱས་པ་དེ། བལ་ཡུལ་ཕྱོགས་ནས་ཡུལ་སྐོར་བའི་ཆེད་དུ་གལ་ཆེར་བརྩི་བཞིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བལ་ཡུལ་ནང་བོད་པ་སྐྱབས་བཅོལ་བ་ཚོས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་རིགས་བྱུང་གི་ཡོད་པས་དོགས་ཟོན་ཤུགས་ཆེར་བྱེད་བཞིན་ཡོད་པ་བརྗོད་བྱུང་།

བལ་ཡུལ་ཧི་མ་ལ་ཡ་མཁའ་འགྲུལ་ཚོང་གཉེར་ཁང་གི་དྲ་རྒྱའི་སྟེང་། བལ་ཡུལ་དང་རྒྱ་ནག་གཉིས་ནས་ཕྱི་ལོ་ ༢༠༢༡ ལོ་ནས་བཟུང། ལྷ་སའི་གོང་དཀར་གནམ་ཐང་རྒྱུད་བལ་ཡུལ་ནས་ལྷ་སར་གནམ་གྲུ་ཐད་གར་འཕུར་རྒྱུའི་ཚོད་ལྟ་བྱས་ཡོད་པ་བཀོད་འདུག་ལ། ཚོང་གཉེར་ཁང་དེའི་ལས་བྱེད་ཅིག་ནས་དེ་སྔ་རྒྱ་ནག་གི་སི་ཁྲོན་མཁའ་འགྲུལ་གནམ་གྲུ་དང་རྒྱ་ནག་གི་མཁའ་འགྲུལ་གནམ་གྲུ་གཉིས་བལ་ཡུལ་ནས་ཐད་གར་ལྷ་སར་འཕུར་བཞིན་ཡོད་ཀྱང་། བལ་ཡུལ་གཙོས་ཕྱིའི་རྒྱལ་ཁབ་ནས་ལྷ་སར་གནམ་གྲུ་འཕུར་རྒྱུ་མེད་པས། ཐེངས་འདིར་བལ་ཡུལ་ནས་ཧི་མ་ལ་ཡའི་གནམ་གྲུ་ཐད་གར་ལྷ་སར་འབབ་ཐུབ་པ་དེ་ལོ་རྒྱུས་ཁྲོད་ཕྱིའི་རྒྱལ་ཁབ་ཀྱི་གནམ་གྲུ་ལྷ་སར་འཕུར་བ་ཐེངས་དང་པོ་ཆགས་ཡོད་པས། ཕྱི་ཚེས་ ༢༨ ཉིན་མཛད་སྒོ་ཚོགས་རྒྱུ་ཡིན་པ་བརྗོད་བྱུང་།

བལ་ཡུལ་ནང་གནས་སྡོད་བོད་པ་འགྲིམ་འགྲུལ་སྐྱེལ་འདྲེན་ཚོང་ལས་ཁང་ཞིག་ནས། ཐེངས་འདིར་བལ་ཡུལ་ནས་ལྷ་སར་འཕུར་རྒྱུའི་ཧི་མ་ལ་ཡའི་གནམ་གྲུའི་རིན་གོང་བལ་སྒོར་ ༧༥༠༠༠ ཡིན་སྐོར་འབྲེལ་བརྗོད་གནང་བྱུང་ལ། ཡང་སན་ཊོ་ཤར་མཱ་ལགས་ནས་བོད་དང་བལ་ཡུལ་ལ་ཐད་གར་གནམ་གྲུ་ཆེད་གཏོང་བྱས་པ་དེ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཞེས་པའི་ལས་འཆར་འོག རྒྱལ་ཁབ་གཉིས་ཀྱི་མི་མང་ཕན་ཚུན་འབྲེལ་མཐུད་བྱེད་ཐབས་ཤིག་ཆགས་ཡོད་སྐོར་བརྗོད་བྱུང་།

བལ་ཡུལ་ཧི་མ་ལ་ཡ་མཁའ་འགྲུལ་ཚོང་གཉེར་ཁང་གི་དྲ་རྒྱའི་སྟེང་གསལ་བ་ལྟར་ན། ཕྱི་ཚེས་ ༢༨ ཉིན་བལ་ཡུལ་རྒྱལ་ས་ནས། སྔ་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༢༥ སྟེང་གནམ་གྲུ་འཕུར་མགོ་ཚུགས་ཏེ། ཆུ་ཚོད་ ༡༡ སྟེང་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་རྒྱུ་ཡིན་པ་དང་། དེའི་རྗེས་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡ ཚེས་ ༨ འཕུར་སྐྱོད་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎