ཐའེ་ལྦན་དུ་བོད་ལ་སེམས་ཁུར་ཞེས་པའི་ལས་འགུལ།
2010.05.28
༄༅༎ཐའེ་ལྦན་ནང་ཕྱི་ཟླ་ལྔ་པའི་ཚེས་༡༡ནས་༡༣བར་བོད་ལ་སེམས་ཁུར་ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད་ དེ་ཡང་བཙན་བྱོལ་བོད་གཞུང་ཐའེ་ལྦན་སྐུ་ཚབ་དོན་གཅོད་ལས་ཁང་དང་ཐའེ་ལྦན་རྒྱལ་གཉེར་ཅའོ་ཐུང་གཙུག་ལག་སློབ་གྲ་ཆེན་མོ་བོད་རྒྱ་མཛའ་མཐུན་གྲ་སྒྲིག་ཚོགས་ཆུང་བཅས་མཉམ་འབྲེལ་ཐོག་བོད་ལ་སེམས་ཁུར་ཞེས་པའི་ལས་འགུལ་ཞིག་ཐའེ་ལྦན་གྱི་ཅའོ་ཐུང་གཙུག་ལག་སློབ་གྲ་ཆེན་མོའི་ནང་སྤེལ་ཡོད་ཅིང་ལས་འགུལ་དེའི་ནང་དོན་གཙོ་བོ་ནི་བོད་དོན་སྐོར་གྱི་གློག་བརྙན་གཟིགས་འབུལ་དང་གཏམ་བཤད་གོ་སྒྲིག་ཞུ་རྒྱུ་སོགས་ཡིན་པ་དང་ཉིན་གྲངས་གསུམ་རིང་སྤེལ་བའི་ལས་འགུལ་དེའི་ནང་བཙན་ཁྲིད་བྱས་པའི་བོད་ཕྲུག་དང་རང་ཡུལ་ཤོར་བའི་སྐྱབས་བཅོལ་བ་ འཇིགས་བྲལ་སོགས་གློག་བརྙན་ཁག་བཞི་ཙམ་བསྟན་ཡོད་པ་མ་ཟད་ ཕྱི་ཚེས་༡༩འི་ཕྱི་དྲོ་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཏེ་དེའི་ཐོག་བཙན་བྱོལ་བོད་ཐའེ་ལྦན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་འབྱུང་རིམ་ངོ་སྤྲོད་གནང་ཡོད་པ་དང་ གཞན་ཡང་ཐའེ་ལྦན་ཤར་ཕྱོགས་ཏུང་ཧའ་གཙུག་ལག་སློབ་གྲ་ཆེན་མོའི་གདོད་མའི་མི་རིགས་སློབ་གཉེར་ཁང་ཐུན་མོང་གིས་གོ་སྒྲིག་ཞུས་པའི་སྣ་མང་རིག་གཞུང་སྤྱི་དམངས་ཀྱི་ཐོབ་ཐང་ཞེས་པའི་བྱེད་སྒོའི་ནང་ཕྱི་ཚེས་༡༨ཉིན་སློབ་ཕྲུག་རྣམས་ལ་བོད་དོན་གློག་བརྙན་ བོད་ནས་བྲོས་བྱོལ་ཞེས་པ་བསྟན་རྗེས་བོད་གཞུང་ཐའེ་ལྦན་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་བསོད་ནམས་རྡོ་རྗེ་ལགས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་རྗེས་བྱུང་རིམ་སྐོར་ངོ་སྤྲོད་གནང་ཡོད་པ་བཅས་ ཐའེ་ལྦན་གཙུག་ལག་སློབ་ཆེན་མོ་ཁག་གི་ནང་བོད་དོན་ཐོག་དོ་སྣང་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་ སྤྱིར་ཐའེ་ལྦན་དམངས་ཁྲོད་དུ་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་དང་ལྷག་པར་དུ་བོད་དོན་ཐོག་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ན་ཡང་ ཐའེ་ལྦན་གྱི་སློབ་གྲ་ཆེན་མོའི་གཞོན་སྐྱེས་ཁྲོད་བོད་དོན་དྲིལ་བསྒྲགས་དང་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་བྱས་ནས་སློབ་ཕྲུག་ཚོས་བོད་དོན་ཐོག་ཤེས་རྟོགས་ཡོང་རྒྱུ་དང་ རྒྱབ་སྐྱོར་ཡོང་རྒྱུའི་ལས་དོན་སྤེལ་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཞིག་ཆགས་བཞིན་ཡོད་སྟབས་ ཐའེ་ལྦན་ནང་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ལས་ཁང་དང་ཐའེ་ལྦན་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་ཁག་གིས་ཉེ་བའི་ཆར་ཐའེ་ལྦན་གྱི་སློབ་གྲ་ཁག་ནང་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་དངོས་ཡོད་གནས་སྟངས་ངོ་སྤྲོད་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད་