ཨོ་ལིམ་པིག་རྩེད་འགྲན་རྗེས་བོད་ནང་དམ་བསྒྲཌ་ཆེ་རུ་འགྲོ་ཉེན།
2008.08.07
༄༅༎རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས། རྒྱ་ནག་ནང་༢༠༠༨ ལོའི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱ་རྒྱུའི་གོ་སྐབས་ཐོབ་པའི་སྐབས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་པ་རྣམས་ལག་བསྟར་བྱེད་ཀྱི་མེད་པ་དང་ ལྷག་པར་དུ་ཨོ་ལིམ་པིག་རྩེད་འགྲན་ཚར་བའི་རྗེས་བོད་ནང་སྔར་བས་དམ་བསྒྲགས་ཆེ་རུ་གཏོང་རྒྱུའི་བློ་འཚབ་ཆེན་པོ་ཡོད་པའི་སྐོར་གསུང་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གི་འགན་འཛིན་དབུ་རྒྱན་བསྟན་འཛིན་ལགས་ཀྱིས་གསུང་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གནོན་ཤུགས་དང་འབོད་སྐུལ་ཤུགས་ཆེ་ཞུ་བཞིན་པ་དེ་དག་ལ་རྒྱ་ནག་གཞུང་ཕྱོགས་ནས་ངོས་ལེན་མ་བྱས་པའི་ཁར་དེ་ལས་ལྡོག་ཏེ་བོད་ནང་དྲག་གནོན་གྱི་སྲིད་ཇུས་ཤུགས་ཆེ་བཏང་སྟེ་བོད་ནང་གི་བོད་མི་ཚོས་ཞི་བའི་ཐོག་ནས་རྔམ་སྟོན་གྱི་ངོ་རྒོལ་ལས་འགུལ་སྤེལ་བར་དམ་བསྒྲགས་བྱེད་པ་དང་སྨྲ་བརྗོད་རང་དབང་ཐོག་དམ་བསྒྲགས་བྱེད་པ། ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་པ། གང་བྱུང་དུ་འཛིན་བཟུང་བྱེད་པ། ཉེས་རྡུང་དང་མནར་གཅོད་གཏོང་བ། རྒྱལ་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་ཤུགས་ཆེ་བཏང་བ་མ་ཟད། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་ཡོད་པའི་རྒྱ་མིའི་ལས་བྱེད་པ་དང་དཔོན་རིགས་ཀྱི་གོ་གནས་ཡོད་པའི་བོད་མི་རྣམས་ལ་རང་ཉིད་ཀྱི་ཕྲུ་གུ་བཙན་བྱོལ་ནང་གི་སློབ་གྲ་ཁག་ཏུ་སློབ་ཞུགས་བྱས་པ་རྣམས་བོད་དུ་ཕྱིར་ལོག་ཏུ་ཁྲིད་ཡོང་དགོས་པའི་བཀོད་ཁྱབ་བཏང་སྟེ་གལ་ཏེ་ཕྲུ་གུ་བོད་དུ་ཕྱིར་ལོག་མ་བྱས་ཚེ་ཕ་མ་རྒྱ་མིའི་ལས་བྱེད་པ་དང་གོ་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་བརྡ་བཏང་བ་དང་བོད་ནང་དགོན་སྡེ་ཁག་ནང་མུ་མཐུད་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་དགེ་འདུན་པ་རྣམས་ཀྱིས་རྒྱ་ནག་གཞུང་གི་འདོད་ཚུལ་རྣམསཁས་ལེན་མ་བྱས་ཚེ་དགོན་པ་ནས་ཕྱིར་འབུད་གཏོང་བ་དང་བཙོན་འཇུག་བྱེད་པའི་གནས་སྟངས་རྣམས་འགྲེལ་བརྗོད་གནང་ཡོད་པ་རེད།