ཚེ་རིང་སྐྱིད་འདས་པོའི་ནང་མིར་ས་རྟགས་འགོད་པའི་བཀའ།
2012.03.08
༄༅༎བོད་ཀྱི་རྨ་ཆུ་ཁུལ་ཉེ་ཆར་རང་ལུས་མེར་བསྲེགས་བཏང་མཁན་ཚེ་རིང་སྐྱིད་ལགས་ཀྱི་ནང་མིར་རྒྱ་ནག་གཞུང་ནས་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་འདས་གྲོངས་གྱུར་མེད་ལུགས་ས་རྟགས་བཀོད་དགོས་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་འདུག
འདས་པའི་རེས་གཟའ་སྤེན་པའི་ཉིན་བོད་ཀྱི་རྨ་ཆུ་ཁུལ་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་གྱུར་བའི་འབྲིང་རིམ་སློབ་གྲྭའི་སློབ་མ་རང་ལོ་བཅུ་དགུ་ཡིན་པ་ཚེ་རིང་སྐྱིད་ལགས་ཀྱི་སྐུ་ཕུང་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོ་མོའི་ནང་མིར་བརྩིས་སྤྲད་མེད་པའི་ཁར་ཁོ་མོས་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་རང་ལུས་མེར་བསྲེགས་བཏང་མེད་ལུགས་ནང་མི་ཚོར་ས་ཡིག་རྒྱབ་དགོས་པའི་བཙན་བཀའ་བཏང་ཡོད་པའི་སྐོར་ཕ་ཡུལ་དྲ་གནས་སུ་འབྲེལ་ཡོད་མི་སྣ་ཞིག་ནས་གནས་ཚུལ་མཁོ་སྤྲོད་བྱས་ཡོད་འདུག ཡིན་ནའང་ཁོ་མོའི་ནང་མིས་ས་ཡིག་རྒྱབ་རྒྱུ་བཞག་ནས་གལ་སྲིད་ཁོ་མོའི་ཕུང་པོ་བརྩིས་མ་སྤྲད་པ་ཡིན་ན་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་ཕར་བརྡ་ལན་གསལ་པོ་སྤྲད་ཡོད་འདུག
ཡང་ཁ་ས་རྒྱ་ནག་གཞུང་འབྲེལ་གྱི་མི་སྣ་ཚོས་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་ནས་བོད་ནང་བོད་མི་མང་པོ་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་སྐོར་བཅར་འདྲི་ཞུས་པའི་སྐབས། བོད་ནང་ཉེ་ཆར་བོད་མི་ཁག་ཅིག་ནས་རང་ལུས་མེར་བསྲེགས་བཏང་བ་ཁས་ལེན་བྱས་ཡོད་ཀྱང་དེ་དག་ནི་ཁྲིམས་ལ་སྲུང་བརྩི་མ་ཞུས་མཁན་ནག་ཉེས་ཡོད་པ་ཤ་སྟག་ཡིན་པ་དང་། དེ་བཞིན་བུ་མོ་ཚེ་རིང་སྐྱིད་ནི་སློབ་གྲྭའི་ནང་། སློབ་སྦྱོང་ཡག་པོ་ཡོང་གི་མེད་པའི་རྐྱེན་གྱིས་སེམས་སྡུག་གི་རེད་ཟེར་བ་དང་། ཡང་ཁོ་མོ་དུས་རྒྱུན་ནས་འགྱེལ་་གཟེར་ལྟབུའི་རིལ་འགྲོ་གི་ཡོད་པ་དེ་འདྲའི་དབང་གིས་མགོ་བོར་བརྡབ་སྐྱོན་བྱུང་ཡོད་ལུགས་སོགས་བཤད་ནས་གསར་འགོད་པ་ཚོར་གསལ་བཤད་རྒྱབ་ཡོད་པ་རེད།