མེ་ཊ་ཡིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་གྱིས་རྒྱ་ནག་གི་མངོན་འདོད་གྲུབ་བཞིན་ཡོད་པ། མེ་ཊའི་ལས་ཟུར་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་རྭ་སྤྲོད་བྱས་འདུག
ཟླ་ ༤ ཚེས་ ༩ རེས་གཟའ་ལྷག་པའི་ཉིན། ངོ་དེབ་ (Facebook) སྤྱི་ཚོགས་དྲྭ་ལམ་གྱི་གོ་ལའི་སྲིད་བྱུས་འགན་འཛིན་ཟུར་པ། སཱ་ར་ཝིན་ཝི་ལི་ཡམ་སི་ (Sarah Wynn-Williams) ཡིས་ཨ་རིའི་གྲོས་ཚོགས་སུ། (Meta) ཐོག་མར་གསར་འཛུགས་བྱེད་མཁན་ (Mark Zuckerberg) ཡིས། ཧོང་ཀོང་དང་ཐའེ་ཝན་ཁུལ་གྱི་ངོ་དེབ་ཀྱི་ནང་དོན་ལ་བསྐྱར་ཞིབ་ཡོ་ཆས་ཤིག་བཟོས་ཏེ་ལག་བསྟར་བྱས་ཡོད་པ་དང་། ཡོ་ཆས་དེས་ངོ་དེབ་ཀྱི་བརྡ་འཕྲིན་གང་ཞིག་ལ་མི་གྲངས་ ༡༠,༠༠༠ ལས་མང་བས་ལྟ་ཀློག་བྱས་ཚེ། རང་བཞིན་གྱིས་རྩོམ་སྒྲིག་འགན་འཛིན་ཞིག་གིས་བསྐྱར་ཞིབ་བྱེད་ཆེད་དུ་འགྲོ་ཡི་ཡོད་སྐོར་ཁུངས་སྐྱེལ་རྭ་སྤྲོད་བྱས་ཡོད་པ་རེད།
དེ་བཞིན་སཱ་ར་ཝིན་ཝི་ལི་ཡམ་སི་ཡིས། "རྒྱ་ནག་དམར་ཤོག་ཚོགས་པ་དང་ངོ་དོབ་གསར་འཛུགས་མཁན་མཱཀ་ཛུ་ཀར་བྷག་ (Mark Zuckerberg) གཉིས་ཀས་རང་ཉིད་ལ་སྐྱོན་བརྗོད་བྱེད་མཁན་ཚོའི་སྨྲ་བརྗོད་རང་དབང་རྡོག་རོལ་བྱེད་ཀྱི་ཡོད་པ་ནི་ངས་སྒེར་གྱི་ཉམས་མྱོང་ནས་བཤད་ཐུབ།" ཅེས་གྲོས་ཚོགས་ཀྱི་ཉན་ཞིབ་ཐོག་གསུངས་ཡོད་པ་རེད་འདུག་ལ། ངོ་དེབ་ཀྱི་ནང་དོན་བསྐྱར་ཞིབ་མཁན་གྱི་ཡོ་ཆས་དེ་བཞིན་རྒྱ་ནག་གིས་དམག་འཐབ་བརྒྱུད་ས་ཁོངས་རྒྱ་སྐྱེད་ཀྱི་སྲིད་བྱུས་སྤེལ་ས་ཐའེ་ཝན་དང་ཧོང་ཀོང་གཉིས་ཀར་ལག་བསྟར་བྱས་ཡོད་སྐོར་དང་། ཡོ་ཆས་དེས་གཙོ་བོ་དམག་འཐབ་དང་འབྲེལ་བའི་ལས་དོན་དང་གསང་བའི་ལས་དོན་སོགས་སུ་ཐེ་བྱུས་ཀྱིས་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ཀྱི་གནས་བབ་ལ་བཟོ་བཅོས་དང་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག
ངོ་དེབ་ཀྱི་ལས་བྱེད་ཟུར་པ་སཱ་ར་ཝིན་ཝི་ལི་ཡམ་སི་ཡིས་མེ་ཊ་ཐོག་བཀལ་བའི་ཉེས་འཛུགས་ཐད། མེ་ཊ་ཡི་མགྲིན་ཚབ་པ་(Andy Stone) ཡིས་ (AFP) གསར་ཁང་ལ། ཉེས་འཛུགས་དེ་དག་ནི་དངོས་ཡོད་གནས་ཚུལ་དང་འབྲེལ་བ་མེད་ཅིང་རྫུན་གཏམ་གྱིས་ཁེངས་པ་ཞིག་རེད་ཅེས་དང་། མེ་ཊས་རྒྱ་ནག་ལ་གསང་བའི་གནས་ཚུལ་སོགས་མཁོ་སྤྲོད་བརྒྱུད་ཞབས་ཞུ་གང་ཡང་བསྒྲུབས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད་འདུག
འོན་ཀྱང་དེ་སྔོན་མེ་ཊ་དེ་བཞིན་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད་ནའང་། བཟོ་ཚོང་ཁང་དེས་མུ་མཐུད་རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་ཚོང་ལས་ཁག་གི་ཚོང་ཟོག་ཁྱབ་བསྒྲགས་བྱས་ཏེ་ཡོང་འབབ་ཕོན་ཆེ་ཞིག་བཟོ་བཞིན་ཡོད་འདུག་ལ། མེ་ཊ་ཡི་དངུལ་རྩིས་སྙན་ཐོ་ནང་གསལ་ལྟར་ན། རྒྱ་ནག་ནི་ཨ་རི་ཕུད་པའི་ཚོང་གི་ཡོང་འབབ་ཆེ་ཤོས་ཁོངས་ནས་གཅིག་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།
གནད་དོན་དེ་འབྲལ་ཨེ་ཤེ་ཡའི་ནང་མི་བཟོས་རིག་ནུས་དང་དམག་འཐབ་གནས་ཚུལ་ཐོག་གི་ཆེད་ལས་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐའེ་ཝན་མི་བཟོས་རིག་ནུས་ཀྱི་ཉམས་ཞིབ་ཁང་ (Taiwan AI Labs) གསར་འཛུགས་མཁན་ (Ethan Tu) ཡིས། དེ་སྔོན་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་སྐབས་ཡོ་ཆས་དེས། ཐའེ་ཝན་དེ་བཞིན་ནད་ཡམས་ལས་རྒྱལ་ཁ་ཐོབ་པའི་སྐོར་གྱི་བརྡ་འཕྲིན་མང་པོ་ངོ་དེབ་ཐོག་བཀག་སྡོམ་བྱས་ཡོད་པ་སོགས། རྒྱ་ནག་གིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་བྱས་པའི་དཀའ་ངལ་ཡོད་པ་སྐོར་འདི་ག་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཨི་ཐན་ལགས་ཀྱིས། རྒྱ་ནག་གིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་ནི། དེ་སྔོན་ཁོང་གིས་དྲྭ་རྒྱའི་བདེ་འཇགས་སྐོར་བརྡ་འཕྲིན་ཞིག་སྤེལ་ཡོད་པ་དེ་བཞིན་ཁྱབ་གདལ་བྱུང་མེད་པ་དེས་མཚོན་ཐུབ་ཅེས་བརྗོད་བྱུང་ལ། ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་དུ་བཙན་འབུད་ཁྲིམས་འཆར་ལ་ངོ་རྒོལ་བྱུང་སྐབས། ལས་འགུལ་དེ་དང་མང་གཙོ་དོན་གཉེར་དང་འབྲེལ་བའི་བརྡ་འཕྲིན་རྣམས་གློ་བུར་དུ་མི་སྣང་བར་གྱུར་པ་སོགས་ལས་མངོན་གསལ་ཐུབ་ཅེས་གསུངས་བྱུང་།
སཱ་ར་ཝིན་ཝི་ལི་ཡམ་སི་ཡིས་གསུངས་པ་ལྟར་ན། ངོ་དེབ་སྤྱི་ཚོགས་དྲ་ལམ་གྱིས་ཕྱི་ལོ་ ༢༠༠༩ སྔོན་ནས་རྒྱ་ནག་དང་འབྲེལ་བའི་ནང་དོན་ལ་ཚོད་འཛིན་བརྒྱ་ཕྲག་མང་པོ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་དང་ཐད་ཀར་གྲོས་མོལ་ལོ་བཞིའི་རིང་བྱས་ཟིན་པ་གསལ་སྟོན་གནང་ཡོད་པ་རེད།
འདི་ཚེས་ ༩ ཉིན་སཱ་ར་ཝིན་ཝི་ལི་ཡམ་སི་ (Sarah Wynn-Williams) ལགས་ཀྱིས་གྲོས་ཚོགས་སུ་གནང་བའི་ཉན་ཞིབ་གྲུབ་མཚམས། གྲོས་ཚོགས་འཐུས་མི་ (Josh Hawley) ཡིས་མེ་ཊ་ཡིས་དེ་སྔ་གྲོས་ཚོགས་མགོ་སྐོར་བཏང་ཡོད་མིན་ཐད་མུ་མཐུད་ཞིབ་འཇུག་བྱ་རྒྱུ་དང་། ཝིན་ཝི་ལི་ཡམ་སི་ཡིས་མཁོ་སྤྲོད་བྱས་པའི་ཡིག་ཆ་རྣམས་ལ་བསྐྱར་ཞིབ་ཀྱིས་བདེན་པ་འཚོལ་ཐབས་ལ་འབད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།