བལ་ཡུལ་དུ་འབར་རྫས་གས་གཏོར་བྱུང་ཡོད་པ།
2009.05.23
༄༅༎གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཊ་མན་ཌུའི་ནང་ཡོད་པའི་ཡི་ཤུའི་ཆོས་ཁང་ཞིག་གི་ནང་ཆོས་དད་པ་ཚོས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བཞིན་པའི་སྐབས་འབར་རྫས་གས་གཏོར་བྱུང་ནས་མི་གྲངས་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་གྲངས་བཅོ་ལྔར་རྨས་སྐྱོན་ཕོག་ཡོད་པ་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག
རྐྱེན་འདས་སུ་ཕྱིན་པ་གཅིག་ནི་རང་ལོ་བཅུ་བཞིར་སླེབས་པའི་རྒྱ་གར་གྱི་བི་ཏཧེ་གྲོང་སྡེའི་མཐོ་རིམ་སློབ་གྲྭའི་སློབ་གཉེར་བ་ཞིག་ཡིན་པ་དང་དེ་མིན་གཞན་དེ་རང་ལོ་གསུམ་ཅུ་ཙམ་དུ་སོན་པའི་བུད་མེད་ཅིག་ཡིན་རེད།
བལ་ཡུལ་ནང་ཡི་ཤུའི་ཆོས་ཁང་ཐོག་འབར་རྫས་ཀྱི་གཏོར་རྒོལ་བཏང་བ་ཐོག་མ་ཡིན་ཞིང་ཆོས་ཁང་ནང་ཆོས་ཕྱོགས་བྱེད་སྒོ་སྤེལ་མཁན་གྲས་ཤིག་གིས་གསུངས་དོན་ལ་ཆོས་ཁང་གི་རྐུབ་སྟེག་སྟེང་ཤོག་བུའི་ཐུམ་སྒྲིལ་ཤིག་བཞག་པ་མཐོང་ཡོད་པ་དང་མི་ཞིག་གིས་ཐུམ་སྒྲིལ་དེ་ཕར་ཙམ་བསྐྱལ་ནས་རང་ཉིད་དེར་སྡོད་རྩིས་བྱེད་སྐབས་འབར་རྫས་གས་གཏོར་བྱུང་བ་བརྗོད་འདུག
དེ་རེས་ཀྱི་འབར་རྫས་གས་གཏོར་གྱི་དོན་རྐྱེན་དེ་བཞིན་ཧིན་དུའུ་ལྟ་བ་ཐལ་སྐྱོད་ཅན་གྱི་གསང་བའི་སྒྲིག་འཛུགས་ཤིག་ཡོད་པ་དེས་སྤེལ་ཡིན་པ་ངོས་ལེན་བྱས་ཡོད་པ་བལ་ཡུལ་གཞུང་འབྲེལ་དཔོན་རིགས་ནས་གསུངས་ཡོད་པ་རེད༎