༸གོང་ས་མཆོག་སུད་སིར་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཕེབས་རྒྱུ།
2010.04.01
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་དགུ་ནས་བཟུང་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་ཚུགས་རྒྱུའི་སེམས་དང་སྲོག་ཅེས་པའི་ལྷན་ཚོགས་ཤིག་ཐོག་ཚོགས་ཞུགས་གནང་འཆར་ཡོད་འདུག ལྷན་ཚོགས་འདི་གོ་སྒྲིག་གནང་མཁན་ཁོངས་སུ་སུད་སིའི་གྲོང་ཁྱེར་ཛུ་རིག་གི་གཙུག་ལག་སློབ་གྲཱ་ཆེན་མོ་ཡང་ཡིན་འདུག་ལ་ལྷན་ཚོགས་འདིའི་ནང་།
འཛམ་གླིང་ནང་གི་ཚན་རིག་དང་། དཔལ་འབྱོར་རིག་པ། སེམས་ཁམས་དང་། ཀླད་ཁམས་རིག་པ་སོགས་ལ་མཁས་པའི་རིགས་མང་པོ་ཞིག་ཀྱང་མཉམ་ཞུགས་གནང་གི་ཡོད་འདུག
ལྷན་ཚོགས་འདི་བཞིན་སྡེ་ཚན་ལྔར་དབྱེ་ཡོད་པའི་ནང་། ད་རེས་དམིགས་བསལ་གནད་དོན་གཅིག་ནི་དེང་སང་འཛམ་གླིང་གི་ཡུལ་གྲུ་ཚང་མར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་དེའི་ཐོག་བགྲོ་གླེང་གནང་འཆར་ཡོད་འདུག དེ་ཡང་དཔལ་འབྱོར་གྱི་དཀའ་རྙོག་བཟོ་མཁན་དེ་དག་མིའི་རྣམ་སྤྱོད་དང་བསམ་བློའི་འཁྱེར་གསོའི་ཐོག་ནས་བྱུང་བ་ཞིག་ཡིན་དུས་དེར་རང་བཞིན་གྱི་སེམས་དང་།
མིའི་རང་བཞིན་གྱི་ཀུན་སྤྱོད་འཁྱེར་གསོའི་ཐོག་ནས་བྱམས་པ་དང་། བརྩེ་བའི་རང་བཞིན་གྱི་ཐོག་ནས་འགྱུར་བ་གཏོང་ཐུབ་བཟོ་ཡོད་མེད་ལ་རག་ལུས་པ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད།
དེ་ནས་ཚེས་བཅུ་གཅིག་ཉིན་༸གོང་ས་མཆོག་ནས་འཛམ་གླིང་སྤྱིར་ཁྱབ་པའི་འགན་འཁྲི་དང་།དཔལ་འབྱོར་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུངས་བཤད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། སེམས་དང་སྲོག་ཅེས་པའི་ལྷན་ཚོགས་འདི་བཞིན་ལོ་མང་པོའི་རིང་ནས་ཚུགས་གནང་གི་ཡོད་པ་ཞིག་ཡིན་པ་རེད།