རྒྱ་ནག་གིས་དབང་ཆ་གཅིག་སྡུད་ལམ་ལུཌ་ཀྱི་འགོ་ཁྲིད་གདན་ཞུ།
2010.09.10
༄༅༎རྒྱ་ནག་གཞུང་གིས་ད་ལོ་ཕྱི་ཟླ་དྲུག་པ་ཙམ་ནས་བཟུང་བྱང་ཀོ་རི་ཡ་དང་འབར་མ་ ཨི་རན་སོགས་དབང་ཆ་གཅིག་སྡུད་ཀྱི་་ལམ་ལུགས་འཛིན་མཁན་ཡུལ་གྲུའི་དཔོན་རིགས་ཚོ་ནུབ་ཕྱོགས་ཡུལ་གྲུ་ཚོའི་འདོད་བློར་བབ་མིན་ལ་མ་ལྟོས་པར་རྒྱ་ནག་ནང་གདན་ཞུ་གནང་ཏེ་ ཡུལ་གྲུ་དེ་དག་གསུམ་གྱི་དཔོན་རིགས་ཚོར་སྣེ་ལེན་ཟབ་རྒྱས་ཞུས་ནས་ ཕྱི་ཚུལ་དུ་ཁོང་ཚོའི་དབར་གྱི་འབྲེལ་ལམ་ཟབ་པོ་ཞིག་ཡོད་པ་དེ་མཚོན་ཐབས་བྱེད་བཞིན་ཡོད་པ་ནི་ཕན་ལས་གནོད་ཆེ་བ་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་དགོངས་ཚུལ་གསུང་གི་ཡོད་པ་རེད་
རྒྱ་ནག་གི་དཔལ་འབྱོར་གནས་སྟངས་རྒྱལ་སྤྱིའི་ཐོག་འདྲ་མཉམ་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་པའི་གནས་སྟངས་འོག་ གོང་ཞུས་རྒྱལ་སྤྱིའི་ཡུལ་ཁག་གིས་སྐྱོན་བརྗོད་བྱེད་ཡུལ་དབང་ཆ་གཅིག་སྡུད་ཀྱི་ཡུལ་གྲུའི་དཔོན་རིགས་ཚོ་རྒྱ་ནག་ནང་གདན་ཞུ་གནང་ཏེ་སྣེ་ལེན་ཟབ་རྒྱས་ཞུས་ཡས་སོགས་ཀྱིས་རྒྱ་ནག་གི་ཕྱི་ཚུལ་རྣམ་པར་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཀྱང་ རྒྱ་ནག་གཞུང་གིས་གོང་ཞུས་ཡུལ་གྲུ་གསུམ་པོའི་དཔོན་རིགས་ཚོར་སྣེ་ལེན་ཞུས་ནས་ ཡུལ་གྲུ་གསུམ་པོ་དང་རྒྱ་ནག་དབར་གྱི་དམིགས་བསལ་གྱི་འབྲེལ་ལམ་དེ་བརྒྱུད་ནས་ ཨ་རི་དང་ནུབ་ཕྱོགས་ཡུལ་གྲུའི་ཚོས་ཡུལ་གྲུ་དེ་དག་དང་འབྲེལ་བ་བྱ་རྒྱུར་རྒྱ་ནག་ལ་བསྟེན་དགོས་པ་ཞིག་མཚོན་ཐབས་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་དབྱེ་ཞིབ་གནང་གི་ཡོད་པ་རེད་ རྒྱ་ནག་གི་ཚན་རིག་སློབ་གྲ་ཆེན་མོའི་རྒྱལ་སྤྱིའི་སྡེ་ཚན་གྱི་དགེ་རྒན་ཤུ་ཐེ་པིང་གིས་ ད་ཆ་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་བསམ་ཚུལ་བཞིན་རྒྱལ་སྤྱིའི་ལས་དོན་ཁག་ནང་མཉམ་བཞུགས་བྱེད་ཡས་ཀྱི་དུས་སྐབས་ལ་སླེབས་ཡོད་ལུགས་དང་ རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཡུལ་གྲུའི་བསམ་ཚུལ་དང་མཐོང་ཚུལ་ལ་སེམས་ཕྲལ་བྱེད་མི་དགོས་པར་རང་ཉིད་ཀྱི་འདོད་པ་བཞིན་ གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཀྱི་ཡོད་ལུགས་གསུང་འདུག
རྒྱ་ནག་གཞུང་གིས་ད་རེས་འབར་མའི་དྲག་པོའི་གཞུང་གི་ཆེས་མཐོའི་དཔོན་རིགས་ཐན་ཤའོ་རྒྱ་ནག་ནང་ཕེབས་པའི་སྐབས་ འབར་མ་དེ་བཞིན་རྒྱ་ནག་གི་ཁྱིམ་མཚེས་གྲོགས་པོའི་རྒྱལ་ཁབ་ཅིག་ཡིན་པ་བརྗོད་ཡོད་པ་མ་ཟད་ འབར་མའི་ནང་ཕྱི་ཟླ་བཅུ་གཅིག་པའི་ནང་སྤེལ་རྒྱུའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་འབར་མ་གཞུང་གིས་དམངས་གཙོའི་ལམ་དུ་སྐྱོད་རྒྱུར་གོམ་སྟབས་གལ་ཆེ་ཞིག་སྤོས་པ་ཡིན་ལུགས་ཀྱི་བསྔགས་བརྗོད་བྱས་ཡོད་པ་རེད་ལ་ གཟའ་འཁོར་གཉིས་ཀྱི་གོང་བྱང་ཀོ་རི་ཡའི་ཆེས་མཐོའི་དཔོན་རིགས་ཀིམ་ཇོང་ཨེལ་ཡང་ རྒྱ་ནག་དུ་ཕེབས་ནས་ བྱང་ཀུ་རི་ཡའི་དབང་ཆ་ཁོ་པའི་ཕྲུ་གུ་ཀིམ་ཇོང་ཨུལ་ལ་རྩིས་སྤྲོད་བྱ་རྒྱུར་རྒྱ་ནག་གི་སློབ་སྟོན་དང་རོགས་རམ་ཞུས་ཡོད་པ་མ་ཟད་ ཕྱི་ཟླ་དྲུག་པའི་ནང་ཨི་རན་གྱི་ཆེས་མཐོའི་དཔོན་རིགས་མ་མུརྡ་ཨེ་མ་རྡི་ནི་ཇའརྡ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་སྤེལ་བཞིན་པའི་འཛམ་གླིང་དངོས་ཟོག་འགྲེམས་སྟོན་ཐོག་ཕེབས་པའི་སྐབས་ རྒྱ་ནག་གི་མཆེད་ཐོའི་དཔོན་རིགས་ཚོས་མཇལ་འཕྲད་སོགས་གནང་མེད་ཀྱང་ཨི་རན་གྱི་དཔོན་རིགས་ལ་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་སོགས་ཀྱིས་ རྒྱ་ནག་གཞུང་གིས་ཡུལ་གྲུ་དེ་དག་དང་འབྲེལ་ལམ་ཟབ་པོ་བྱས་པ་མ་ཟད་ ཚོང་གི་ཁེ་ཕན་སྒྲུབ་ནས་ཨ་རི་དང་དེའི་མཐུན་ཕྱོགས་ཡུལ་གྲུ་ཚོའི་དབར་གཡོ་སྒྱུའི་འབྲེལ་ལམ་ཞིག་འཛིན་གྱི་ཡོད་ལུགས་ པེ་རོ་སིའི་ནང་ཡོད་པའི་འཐབ་ཇུས་ཉམས་ཞིབ་ལས་ཁང་གི་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ལྦེ་ལེ་རི་ནི་ཁེ་ནས་གསུང་འདུག