རྒྱ་གར་གྱི་ཆུ་ལོག་གོད་ཆགས་ཆེད་ཞལ་འདེབས་བསྡུ་སློང།
2008.09.03
༄༅༎བཙན་བྱོལ་བོད་གཞུང་ནས་བོད་མི་ཚོས་སྦི་ཧའར་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆགས་ཕོག་པ་རྣམས་ལ་ཞལ་འདེབས་བསྡུ་སློང་ཞུ་དགོས་པའི་འབོད་སྐུལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ཟླ་བརྒྱད་པའི་ཚེས་ ༢༩ ཉིན་རྒྱ་གར་བྱང་ཤར་སྦི་ཧའར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་མཚན་ཐོག་ཐུགས་གསོའི་བཀའ་ཡིག་ཅིག་དང༌། ཞལ་འདེབས་ཧིན་སྒོར་འབུམ་བཅུ་གསོལ་སྩལ་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་དེ་རིང་ཚེས་གསུམ་ཉིན་བཙན་བྱོལ་བོད་གཞུང་གི་བཀའ་དྲུང་ཡིག་ཚང་ནས། རྒྱ་གར་དང་གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གནས་སྡོད་བོད་མིའི་འདུས་སྡོད་གང་སར་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེའི་ནང༌། བོད་མི་ཚོ་བཙན་བྱོལ་དུ་འབྱོར་ནས་ད་བར་རྒྱ་གར་གཞུང་ནས་བོད་མི་ཚོར་རོགས་རམ་ཧ་ཅང་ཆེན་པོ་གནང་ཡོད་པའི་བཀའ་དྲིན་རྗེས་དྲན་ཞུ་ཆེད་བོད་མི་ཚོས་ཀྱང་རྒྱ་གར་མི་མང་ཚོར་དཀའ་ངལ་བྱུང་བའི་སྐབས་གདུང་སེམས་མཉམ་སྐྱེད་བྱེད་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པར་བརྟེན་ད་རེས་སྦི་ཧའར་མངའ་སྡེའི་ནང༌། ཆུ་ལོག་གི་གོད་ཆགས་ཕོག་པ་རྣམས་ལ་མཐུན་འགྱུར་བྱེད་དགོས་ངེས་ཤིག་ཡིན་སྟབས་ཚང་མས་འདི་ཟླའི་ཚེས་༣༠ མི་འགྱངས་བར་ཞལ་འདེབས་བསྡུ་རུབ་ཞུས་ནས་ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་རོགས་སྐྱོབ་ཐེབས་རྩེའི་ཐོག་འབུལ་དགོས་རྒྱུ་ཡིན་ཞེས་འབོད་སྐུལ་གནང་ཡོད་འདུག།