དམངས་གཙོའི་དུས་ཆེན་ཉིན་སྤྱི་འཐུས་ཀྱི་གསུངས་བཤད་ནང་དོན།
2009.09.02
༄༅༎བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་སྲོལ་ཅན་དུ་བསྒྱུར་ནས་མང་གཙོའི་དུས་དྲན་ཐེངས་བཞི་ཅུ་ཞེ་དགུ་པའི་མཛད་སྒོ་བཞུགས་སྒར་རྡ་རམ་ས་ལར་གནང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུངས་བཤད་ཅིག་སྤེལ་གནང་ཡོད་པ་རེད།
དེ་ཡང་གོང་ཞུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤེལ་གནང་བའི་ཡོངས་ཁྱབ་གསུངས་བཤད་དེའི་ནང་ནས་མདོར་བསྡུར་ཤིག་སྙན་སྒྲོན་ཞུ་པ་ཡིན་ན་དེ་རིང་གི་ཉིན་མོ་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་མ་ཕེབས་གོང་དགོངས་གཞི་ཡོད་པ་ལྟར་ཕྱི་ལོ་༡༩༦༠ལོར་བཙན་བྱོལ་བོད་གཞུང་དེ་མང་གཙོའི་ལམ་སྲོལ་ཅན་དུ་བསྒྱུར་གནང་མཛད་དེ་བོད་མི་མང་སྤྱི་འཐུས་སྐབས་དང་པོའི་སྤྱི་འཐུས་རྣམས་དམ་འབུལ་ཞུས་པ་ནས་ད་བར་ལོ་ངོ་བཞི་ཅུ་ཞེ་དགུ་ཧྲིལ་པོ་སོང་བ་དང་ལོ་ལྔ་བཅུ་འགོ་འཛུགས་ཀྱི་ཉིན་དང་པོ་དེ་ཆགས་ཀྱི་ཡོད། འཛམ་གླིང་ནང་སྐྱབས་བཅོལ་སྤྱི་ཚོགས་ཇི་རྙེད་ཅིག་ཡོད་པའི་ནང་ནས་བཙན་བྱོལ་བོད་གཞུང་གི་མང་གཙོའི་སྒྲིག་འཛུགས་ཆ་ལག་ཡོངས་སུ་ཚང་བ་གཞན་དང་མི་འདྲ་བ་ཡོད་པ་འདི་ཉིད་རྒྱལ་དབང་རིན་པོ་ཆེའི་ཕུགས་རྒྱང་རིང་པོའི་དགོངས་གཞི་དང་དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་བར་མཚམས་མ་ཆད་པར་བསྩལ་བའི་བཀྲིན་ལས་དགའ་སྤོབས་བྱེད་འོས་པ་ཞིག་ཆགས་ཡོད། རྡ་ས་བཞུགས་སྒར་དུ་དབུས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ལས་དོན་ཚགས་ཚུད་དགོས་པ་ཙམ་དུ་མ་ཟད་ས་གནས་སུ་ས་འཐུས་མེད་སར་ས་འཐུས་འཛུགས་ཐུབ་པ་དང་ས་འཐུས་ཡོད་སར་ཚགས་ཚུད་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་མ་ཟད་མང་གཙོའི་ནུས་ཤུགས་ཆེ་རུ་གཏོང་བ་དང་ཚད་ལྡན་ཡོང་བ་ལ་མི་མང་གི་ཤེས་ཡོན་དང་གོ་རྟོགས་ཇེ་ཆེར་འགྲོ་དགོས། མང་གཙོའི་འགྲོ་ལུགས་ནང་གཞུང་གི་གཙོ་འཛིན་བརྗེ་བསྒྱུར་བྱ་རྒྱུའི་དབང་ཚད་ཆ་ཚང་མི་མང་ལ་ཡོད་པས་འོས་བསྡུའི་ལས་རིམ་ནང་བཞུགས་རྒྱུ་དེ་ཐོབ་ཐང་ཡང་ཡིན་པ་ལ་ལས་འགན་ཡང་ཆེ་ཤོས་ཡིན། དེ་དོན་རིང་མིན་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་སླེབས་རྒྱུར་ཆབ་སྲིད་ཀྱི་ཛ་དྲག་གི་གནས་སྟངས་དང་མི་རབས་བརྗེ་བསྒྱུར་འགྲོ་བཞིན་པའི་དུས་སྐབས་འདིར་མ་འོངས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་རྣམས་གཙོ་བོ་རྒྱལ་དབང་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཐུབ་མཁན་དང་མི་མང་གི་མངོན་འདོད་སྒྲུབ་ཐུབ་མཁན། ཤེས་འཇོན་གཉིས་ལྡན། དྲང་བདེན། སྙིང་སྟོབས་དང་ལྡན་པ། བོད་དང་རྒྱ་ནག་གི་གནས་སྟངས་བཅས་གསལ་ཤེས་དང་ཉམས་མྱོང་ཅན་ཞིག་འདེམས་དགོས་པ་སོགས་གསུངས་བཤད་རིམ་པ་སྤེལ་གནང་ཡོད་པ་རེད།