བོད་ཀྱི་གསར་འགོད་མཐུན་ཚོཌ་ཀྱིས་རྒྱ་གཞུང་ལ་འབོད་སྐུལ།
2009.04.02
༄༅༎རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་བོད་ཀྱི་སྒོ་མོ་ཕྱེ་དགོས་སྐོར་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག
ཉིས་སྟོང་བརྒྱད་ལོར་བོད་ནང་ཞི་རྒོལ་རྒྱ་ཁྱབ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དམ་བསྒྲགས་དང་དྲག་གནོན་གྱི་སྲིད་ཇུས་འོག་ཕྱི་ཕྱོགས་ནས་བོད་ནང་འགྲུལ་སྐྱོད་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་རེད། ད་རེས་ཉིན་ཤས་གོང་རྒྱ་ནག་གཞུང་གིས་འདི་ཟླའི་ཚེས་ལྔ་ཉིན་ནས་བཟུང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་བོད་ནང་འགྲུལ་སྐྱོད་ཀྱི་སྒོ་མོ་སླར་ཡང་ཕྱེ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་དང་གནས་ཚུལ་དེའི་ཁྲོད་ནས་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་གོང་གསལ་འབོད་སྐུལ་དེ་བྱས་ཡོད་པ་རེད། དེ་ཡང་ཁ་ས་ཚེས་གཉིས་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲིས་དབང་ཕྱུག་ལགས་ཀྱིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་དེ་སྔ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་བོད་ས་ཡོངས་ལ་ཞི་རྒོལ་རྒྱ་ཁྱབ་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་གོ་སྒྲིག་དང་དམིགས་བསལ་འདེམས་སྒྲུག་བྱས་པའི་གསར་འགོད་པ་རེ་བཟུང་ལས་མ་གཏོགས་བོད་ནང་འགྲུལ་བསྐྱོད་ཐུབ་མེད་པ་རེད། ང་ཚོའི་རེ་བར་དེ་སྔ་ཉིས་སྟོང་བརྒྱད་ལོར་ཞི་རྒོལ་བྱུང་སའི་ས་ཁུལ་ཐེ་བས་བོད་ཀྱི་ས་ཁུལ་ཁག་ནང་ཕྱི་རྒྱལ་གསར་འགོད་པ་དང་དེ་བཞིན་ཕྱི་ཕྱོགས་ནས་བོད་རིགས་གསར་འགོད་པ་ཚོས་རང་དབང་ལྡན་པའི་ངང་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་རྒྱ་ནག་གཞུང་གིས་བཀའ་ཁྲོལ་གནང་བའི་རེ་བ་ཞུ་གི་ཡོད་ཅེས་གསལ་འདོན་གནང་འདུག བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་སྤྱི་བསྒྲགས་ནང་མུ་མཐུད་བཀོད་པར་གཞིགས་ན་རྒྱ་ནག་གཞུང་གིས་གནས་འཕྲིན་དྲ་རྒྱ་དང་ཁ་པར།ལག་ཁྱེར་ཁ་པར་བཅས་ཀྱི་ཐོག་བཏང་འཛིན་དམ་པོ་བྱས་ཏེ་ཕྱི་ཕྱོགས་ལ་བོད་ཀྱི་གནས་ཚུལ་བཀག་སྡོམ་བྱེད་བཞིན་ཡོད་པ་རེད། ཡིན་ཡང་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་མནར་གཅོད་དང་འཛིན་བཟུང་བཙོན་འཇུག་བྱས་པ་དང་དེ་བཞིན་བོད་མི་ཚོས་ཞི་རྒོལ་མུ་མཐུད་བྱས་པའི་གནས་ཚུལ་སོགས་ཕྱི་ཕྱོགས་སུ་བསྟུད་མར་ཐོན་བཞིན་ཡོད་པ་རེད། གསར་འགོད་པའི་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་ཀྱི་རྐྱེན་པས་གནས་ཚུལ་དེ་རིགས་དངོས་བདེན་དང་ཁུངས་ལྡན་ཇི་ཙམ་ཡིན་མིན་རྟོགས་ཞིབ་བྱེད་བཀའ་བའི་གནས་སྟངས་སུ་གྱུར་ཡོད་སྐོར་འགྲེལ་བརྗོད་གནང་བཞག