སུའེ་ཌེན་དུ་ཞི་བདེ་འཚོལ་གྲུབ་ཅེས་པའི་རི་མོའི་འགྲེམས་སྟོན།
2010.10.09
༄༅༎སུའེ་ཌེན་རྒྱལ་ཁབ་ནང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་དགོངས་གཞི་དང་མཐུན་པའི་ཞི་བདེ་འཚོལ་གྲུབ་ཅེས་པའི་རི་མོའི་འགྲེམས་སྟོན་ཞིག་འགོ་བཙུགས་གནང་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
དེ་ཡང་རེས་གཟའ་པ་སངས་ཉིན་སུའེ་ཌེན་གྱི་རྒྱལ་སའི་ནོ་བེལ་འགྲེམས་སྟོན་ཁང་དུ་Missing Peaceའམ་ཞི་བདེ་འཚོལ་གྲུབ་ཞེས་པའི་འགྲེམས་སྟོན་གྱི་མཛད་སྒོ་དེ་ནི་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཡོད་པའི་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་དབུ་འབྱེད་གནང་ཡོད་ཅིང༌། འགྲེམས་སྟོན་དེའི་ནང་དུ་འཛམ་གླིང་རྒྱལ་ཁབ་མང་པོའི་སྒྱུ་རྩལ་བ་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འབད་བརྩོན་གནང་བཞིན་པའི་འཛམ་གླིང་ཞི་བདེ་སྐྲུན་ཐབས་ཀྱི་དགོངས་གཞི་དང་མཐུན་པའི་ནང་དོན་མཚོན་པའི་རི་མོའི་སྒྱུ་རྩལ་མི་འདྲ་བ་ལས་གྲུབ་པ་ཞིག་ཡིན་པ་རེད། ཁ་ས་དབུ་འབྱེད་གནང་བའི་འགྲེམས་སྟོན་དེའི་ནང་དུ་འཛམ་གླིང་ནང་གི་སྒྱུ་རྩལ་བས་བྲིས་པའི་རི་མོ་དང་འཇིམ་བཟོ་སོགས་རྣམ་གྲངས་༨༨འདེམས་དཀྲུག་གིས་འགྲེམས་སྟོན་གནང་ཡོད་པ་དང༌། བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་དུ་ཡོད་པའི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་ཚོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མིའི་རིགས་ཀྱི་སེམས་བརྒྱུད་དུ་བྱམས་དང་སྙིང་རྗེ། འཆམ་མཐུན་སོགས་ཀྱི་རིན་ཐང་འཕེལ་རྒྱས་གཏོང་བ་བརྒྱུད་འཛམ་གླིང་ཞི་བདེ་སྐྲུན་ཐབས་དང༌། ཆོས་ལུགས་མི་འདྲ་བའི་དབར་འཆམ་མཐུན་ཡོང་ཐབས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད།
འགྲེམས་སྟོན་དེར་མི་དམངས་བལྟ་བར་ཡོང་མཁན་ཚོར། དེ་རིང་ཕྱི་ཚེས་༩ནས་ཕྱི་ལོ་༡༠༡༡ལོའི་ཕྱི་ཟླ་དང་པོའི་ཚེས་༢བར་འགོ་ཕྱེ་རྒྱུ་ཡིན་པ་དང༌། འགྲེམས་སྟོན་དེ་ནི་༢༠༠༥ལོར་Committee of 100 for Tibetཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། Dalai Lama Foundationཞེས་པའི་༧གོང་ས་མཆོག་གི་མཚན་འཁོད་པའི་ཐེབས་རྩ་ལས་ཁང་གཉིས་ཀྱིས་འགོ་བཙུགས་གནང་སྟེ། ཨ་མི་རི་ཀ་དང༌། སེ་པེན། རོ་མེ་ནི་ཡ་ བཅས་ནང་གོ་སྒྲིག་གནང་ཡོད་ཅིང༌། ད་རེས་སུའེ་ཌེན་དུ་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད།།