བོད་ནང་གཙང་བོ་ཁག་ཏུ་ཚད་ལས་བརྒལ་བའི་ཆུ་མཛོད་སྐྲུན་བཞིན་པ་དེས་གཙང་བོའི་ནུས་པ་ཉམས་རྒྱུ་ཡིན་པ། ཉམས་ཞིབ་པས་བརྗོད་བཞིན་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་གཞིས་ཀ་རྩེ་ངམ་རིང་རྫོང་ཁོངས་སུ་ཆགས་པའི་བར་རྩེ་གྲོང་ཚོའི་ཉེ་འགྲམ་དུ་ཡོད་པའི་ཡར་ཀླུང་གཙང་བོར་བར་རྩེ་ཆུ་བེད་དང་གློག་ཁང་ཆེན་མོ་དང་དེའི་ཆུ་འདྲེན་ཡན་ལག་ལས་གྲྭ་ཟེར་བ་ཞིག་ལས་མགོ་ཚུགས་ཡོད་པ་དང་། ལས་གཞི་ཕྱི་ཟླ་༡༠ཚེས་༢༩ཉིན་དངོས་སུ་ལས་མགོ་ཚུགས་ཡོད་པ་མ་ཟད་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་ལས་གཞི་དེ་རྒྱལ་ཡོངས་ཆུ་མཛོད་ལས་གྲྭ་གལ་ཆེན་༡༥༠ཞེས་པའི་གྲས་སུ་བཅུག་ཡོད་སྐོར་བཀོད་ཡོད་པ་དང་། ཁེ་ན་ཊ་ནང་གནས་སྡོད་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དང་། བོད་ནང་ཐེངས་མང་སོང་ནས་ཁོར་ཡུག་སྐོར་ལ་ཉམས་ཞིབ་ཀྱིས་(Meltdown in Tibet)བཞུར་བཞིན་པའི་བོད་ནང་གི་གཙང་པོ་ཅེས་པའི་དཔེ་དེབ་རྩོམ་པ་པོ། མཱ་ཁིལ་བྷ་ཀི་ལེ(Michael Buckley)ལགས་ནས། གཞིས་ཀ་རྩེ་ཁུལ་ས་ཁྱོན་དང་བསྡུར་བའི་མི་འབོར་ཉུང་ཉུང་ཡིན་པ་དང་། ཐེངས་འདིར་གཞིས་ཀ་རྩེ་ནས་རྒྱག་བཞིན་པའི་ཆུ་མཛོད་དེ་རྒྱ་ནག་ནང་ཁུལ་དང་ས་ཆ་གཞན་གྱི་ཆེད་དུ་ཡིན་པ་ལས་ས་གནས་ཡུལ་མིའི་ཆེད་དུ་མིན་པ་དང་། དཔེར་ན་རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༤ལོར་ཐོག་མར་རྫ་ཆུ་གཙང་བོའི་ཐོག་ཆུ་མཛོད་རྒྱག་མགོ་ཚུགས་ཡོད་པ་དང་། དེའི་རྗེས་ཆུ་མཛོད་མང་རུ་བཏང་སྟེ་ད་ལྟའི་ཆར་ཆུ་མཛོད་༡༡་བརྒྱབ་ཡོད་པ་དང་། གཞན་ཡང་རྒྱ་ནག་གཞུང་ལ་མུ་མཐུད་རྫ་ཆུ་གཙང་བོའི་སྟེང་ཆུ་མཛོད་༡༢རྒྱག་འཆར་ཡོད་པ་དང་། བསྡོམས་ནས་པས་གཙང་བོ་གཅིག་གི་སྟེང་ཆུ་མཛོད་༢༤བརྒྱབ་པ་ཚད་ལས་བརྒལ་ཡོད་སྟབས། གཙང་བོ་དེ་དག་གི་ནུས་པ་ཉམས་རྒྱུ་ཡིན་པ་གསུངས་སོང་།
རྒྱ་ནག་གཞུང་གིས་ཐེངས་འདིའི་ཆུ་བེད་ལས་གཞི་དེས་བོད་ཀྱི་ནུབ་བྱང་ས་ཁུལ་གྱི་རྫོང་ཁག་༥ཡི་དགུན་དུས་གློག་དཀོན་པའི་དཀའ་ངལ་དང་། ཞིང་ཆུ་དཀོན་པའི་དཀའ་ངལ་སེལ་ཐུབ་ཚུལ་དང་། ས་ཁུལ་དེའི་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དང་། འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འཐོན་རྒྱུ་ཡིན་པ་སོགས་བསྒྲགས་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་ཆེན་པོ་དང་མང་པོ་བརྒྱབ་པ་དེས། བོད་ནང་ས་ཡོམ་དང་ཆུ་ལོག་ཡོང་བ་སོགས་ཁོར་ཡུག་གཏོར་བཅོམ་ཤུགས་ཆེར་ཐེབས་བཞིན་པ་མ་ཟད། ཆུ་མཛོད་དེ་དག་གིས་ས་གནས་ཡུལ་མི་ཚོ་གནས་སྤོར་དང་བདེ་འཇགས་མེད་པ་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཆུ་བེད་འཛུགས་སྐྲུན་ལས་གཞི་དེ་མ་འོངས་ལོ་ལྔ་དང་ལོ་ཕྱེད་ཙམ་ནང་ཚར་རྒྱུའི་འཆར་གཞི་ཡོད་པ་དང་། ཆུ་བེད་དེར་ཁྱོན་མ་དངུལ་རྒྱ་སྒོར་དུང་ཕྱུར་༢༩ལྷག་གཏོང་གི་ཡོད་པ་མ་ཟད། ཆུ་གསོག་ཚད་སྨི་༤༣༢༥ཟིན་རྒྱུ་ཡིན་པས་རྒྱ་ནག་རྒྱལ་ཡོངས་ཀྱི་ཆུ་བེད་ཆེ་ཤོས་གྲས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་སོགས་བཀོད་འདུག་ལ། ཕྱི་ལོ་༢༠༡༩ལོར་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་བྱུང་སྲུང་སྐྱོབ་འོག་ཡོད་པའི་བོད་ཡུན་ནན་ནང་བཞུར་བཞིན་པའི་འབྲི་ཆུའི་བཞུར་རྒྱུན་དུ་ཆུ་མཛོད་རྒྱག་འཆར་གྱིས་ས་གནས་ཡུལ་མི་སྟོང་གཅིག་ལྷག་གནས་སྤོར་བྱས་ཡོད་འདུག་ལ། ད་ལྟའི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་རྒྱ་ནག་གིས་ཆུ་མཛོད་གཉིས་ལྷག་བརྒྱབ་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་ཁག་ཏུ་ཆུ་མཛོད་མང་པོ་བརྒྱབ་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་འབྲེལ་གནས་ཚུལ་ཁག་ནང་ཕྱི་ལོ་༢༠༡༩ལོར་གཅིག་པུར་རྒྱ་ནག་གཞུང་གིས་བོད་ནང་གི་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་དང་ཡར་ཀླུང་ཆུ་མཛོད། ཕྱྭ་གཡང་ཆུ་མཛོད།གཙང་བྱང་ཆུ་འདྲེན་ཁུལ། རྫོང་ཐང་ཁ་དང་བྲོ་ཡུལ་ཆུ་མཛོད། འཕན་པོའི་ཆུ་འདྲེན་ཁུལ་སོགས་སྐྲུན་མགོ་ཚུགས་པ་དང་། ལོ་དེར་བར་རྩེ་ཆུ་བེད་ལྟེ་བའི་ལས་གཞི། སྟོད་ཡོད་ཆུ་མཛོད། མེ་འབར་ཐང་ཆུ་མཛོད་སོགས་ལས་འཆར་འཐེན་ཡོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།