ནིའུ་ཛི་ལེན་ཌི་དུ་རྒྱ་ནག་སྲིད་འཛིན་གཞོན་པར་ངོ་རྒོལ།
2010.06.19
༄༅༎ཁ་ས་ནིའུ་ཛི་ལེན་ཌི་གྱི་གྲོས་ཚོགས་འཐུས་མི་ར་སེལ་ནོར་མེན་གྱིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་གྲོས་ཚོགས་ལ་ཡོང་སྐབས་གྲོས་ཚོགས་ཀྱི་སྒོ་ཁར་བོད་ཀྱི་རྒྱལ་དར་ཕྱར་ནས་བོད་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བར་ངོ་རྒོལ་གནང་སྐབས་རྒྱ་མིའི་བདེ་འཇགས་མི་སྣས་ཁོང་ལ་སྙད་འདོགས་བྱས་པའི་གནས་ཚུལ་བྱུང་རྗེས། ཁུལ་དེར་གཞུང་དོན་ཕྱོགས་སྐྱོད་ལ་འབྱོར་བའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་ཡིས་དེ་རིང་ལྦེ་ལིང་ཀྲེན་ཁུལ་གྱི་ལྦིཀ་ཀྲོ་རི་ཡ་གཙུག་ལག་སློབ་གྲ་ཆེན་མོར་ལྟ་སྐོར་འགྲོ་རྒྱུ་ཕྱིར་འཐེན་བྱས་བཞག
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་དེ་རིང་ལྦིཀ་ཀྲོ་རི་ཡ་གཙུག་ལག་སློབ་གྲ་ཆེན་མོའི་ནང་གི་རྒྱ་རིགས་སློབ་ཕྲུག་ཚོར་རོགས་ཕན་བྱ་རྒྱུའི་དོན་དུ་སློབ་གཉེར་མཚན་པ་གསར་པ་ཞིག་སྒོ་འབྱེད་བྱ་རྒྱུ་ཡིན་ནའང་ གོང་ཞུས་གཙུག་ལག་སློབ་གྲ་ཆེན་མོས་མཐོ་རིམ་སྲིད་དོན་པ་དེ་ལྟ་བུར་སྲུང་སྐྱོབ་བྱ་རྒྱུའི་ཆ་རྐྱེན་མེད་པའི་རྐྱེན་གྱིས་སློབ་གཉེར་མཚན་པ་གསར་པ་སྒོ་འབྱེད་ཀྱི་མཛད་སྒོ་དེ་རྒྱ་ནག་གི་སྲིད་འཛིན་གཞོན་པ་སྡོད་གནས་བྱེད་སའི་མགྲོན་ཁང་ནང་ཚུགས་རྒྱུའི་ཐག་གཅོད་ཁ་ས་མཚན་མོ་གནང་ཡོད་སྐོར་ལྦིཀ་ཀྲོ་རི་ཡ་གཙུག་ལག་སློབ་གྲ་ཆེན་མོས་འགྲེལ་བརྗོད་གནང་འདུག
ནིའུ་ཛི་ལེན་ཌི་གྱི་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་ར་སེལ་ཡིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་གི་སྣེ་ཁྲིད་པའི་རྒྱ་མིའི་སྐུ་ཚབ་ཚོགས་པ་ཁ་ས་ནིའུ་ཛི་ལེན་ཌི་གྲོས་ཚོགས་སུ་ལྟ་སྐོར་ལ་འབྱོར་དུས་ཁོང་གིས་བོད་ཀྱི་རྒྱལ་དར་ཕྱར་ནས་ངོ་རྒོལ་གནང་སྐབས་རྒྱ་ནག་བདེ་སྲུང་མི་སྣས་ཁོང་ལ་སྙད་འདོགས་བྱས་ཡོད་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད་ འོན་ཀྱང་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཤི་ཅིན་ཕིང་གི་སྣེ་འཁྲིད་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་རེས་གཟའ་པ་སངས་ཉིན་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་ཀྱི་སྒོ་མཁར་འབྱོར་དུས་ནིའ་ཛི་ལེན་ཌི་གྱི་མི་གཅིག་གིས་སྐུ་ཚབ་ཚོགས་པའི་ཐག་ཉེར་ཡོང་ནས་ངོ་རྒོལ་བྱས་ཏེ་རྒྱ་མིའི་སྐུ་ཚབ་ཚོགས་པའི་བདེ་འཇགས་དང་ཆེ་ཐོངས་ལ་ཉེན་ཁ་བཟོས་ཡོད་པའི་སྐྱོན་འཛུགས་བྱད་བཞག།