ཡོ་རོབ་མཉམ་འབྲེལ་གྱིས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ།
2012.06.01
༄༅༎ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་སྐུ་ཚབ་དང་གྲོས་མོལ་གནང་བའི་སྐབས་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་ཧ་ཅང་ཐུགས་འཚབ་ཡོད་པའི་སྐོར་བཏོན་ཡོད་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་གྲོས་མོལ་ལྷན་ཚོགས་ཤིག་ལོ་ལྟར་ཚོགས་ཀྱི་ཡོད་པ་བཞིན་ད་རེས་ཕྱི་ཟླ་ལྔ་པའི་ཚེས་༢༩ཉིན་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྟེ་གནས་བེལ་ཇམ་གྱི་རྒྱལ་ས་སྦར་སེལསི་ནང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ རྒྱ་ནག་གི་དཔོན་རིགས་དབར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གྲོས་མོལ་གནང་བའི་སྐབས་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ནས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་དམིགས་བསལ་བོད་མི་དང་ ཡུ་གུར་ དེ་བཞིན་རྒྱ་ནག་ནང་ཡོད་པའི་ཡི་ཤུའི་ཆོས་དད་པ་སོགས་ཀྱི་གནས་སྟངས་ཐོག་ཧ་ཅང་གི་ཐུགས་འཚབ་ཡོད་པའི་གནད་དོན་་བཏོན་གནང་བའི་སྐོར་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་བའི་ནང་འཁོད་ཡོད་འདུག གསལ་བསྒྲགས་དེའི་ནང་ད་དུང་འཁོད་པར་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དཔོན་རིགས་དང་ རྒྱ་ནག་གི་དཔོན་རིགས་དབར་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཁག་གི་ཐོག་བཀའ་བསྡུར་གནང་བའི་ནང་ རྒྱ་ནག་ནང་མི་སེར་གང་བྱུང་གི་འཛིན་བཟུང་བྱེད་ཡས་དང་ བཀག་ཉར་བྱེད་ཡས་ བཟང་བཙོན་དུ་འཇོག་ཡས་ རང་ཉིད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཚོར་རྡུང་རྡེག་མནར་གཅོད་གཏོང་ཡས་སོགས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་ཡོད་པ་དང་ དེ་མིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ རྒྱ་ནག་དང་མཉམ་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཕྱོགས་གཉིས་དབར་གྲོས་མོལ་བྱེད་ཡས་དེ་མ་འོངས་ལོ་གཅིག་ལ་ཐེངས་གཉིས་བྱ་རྒྱུའི་དགོས་འདུན་བཏོན་པ་མ་ཟད་ རྒྱ་ནག་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་དང་བཅུ་གཅིག་ལོར་ ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་གྲོས་མོལ་བྱ་རྒྱུ་རྒྱ་ནག་ཕྱོགས་རྐྱང་པས་ཕྱིར་འཐེན་བྱས་པའི་གནད་དོན་ཐོག་སྐྱོན་བརྗོད་གནང་ཏེ་ གནས་ཚུལ་དེ་རིགས་མ་འོངས་མི་ཡོང་བའི་འབོད་སྐུལ་གནང་བ་སོགས་འཁོད་འདུག