སྤྱི་འཐུས་ཚོགས་གཙོ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཏུ་ལྷན་ཞུགས།
2011.12.09
༄༅༎བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ཡུ་རོབ་ཁུལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཏུ་མཉམ་ཞུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཨི་དྲ་ལིའི་རྒྱལ་ས་རོམ་ནང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཌི་ཀལ་ཚོགས་པ་ཞེས་པ་དེས་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་པའི་ནང་འཛམ་གླིང་ཡུལ་གྲུ་གང་ས་ནས་ཚོགས་མི་ ༢༠༠ ལྷག་ཙམ་ཚོགས་བཅར་ཞུས་ཡོད་འདུག གོང་ཞུས་ཚོགས་པ་དེ་ནི་རྒྱ་གར་གྱི་སྐྱེས་བུ་དམ་པ་གན་རྡིའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐོག་ནས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་ལས་འགུལ་སྤེལ་མཁན་ཞིག་ཡིན་འདུག། ད་རེས་ཚོགས་འདུ་འདིའི་ནང་། ཨི་ཀྲི་ལིའི་ཕྱི་སྲིད་བློན་ཆེན་དང་། ཕ་རན་སིའི་ཕྱི་སྲིད་བློན་ཆེན་ཟུར་པ་དང་ད་ལྟའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ། གཞན་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་ཕེབས་ཡོད་འདུག ཚོགས་འདུ་དེའི་ཐོག་ཚོགས་ཞུགས་གནང་མཁན་མང་པོས་དེང་སང་ཡུ་རོབ་གྱི་གཙོས་སྟོབས་ཆེན་རྒྱལ་ཁབ་མང་པོས་དཔལ་འབྱོར་གལ་ཆེ་བ་བརྩི་པ་ལས་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ལམ་ལུགས་ལ་བརྩི་མེད་གཏོང་མཁན་གྱི་སྲིད་གཞུང་ལ་གདོང་ལེན་བྱེད་མཁན་ཁག་པོ་ཆགས་ཀྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་འདུག ཡང་སྐབས་དེར་ཨི་དྲ་ལིའི་ཕྱི་སྲིད་བློན་ཆེན་མཆོག་གིས། འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ་ཁོང་རང་ཉིད་ཀྱང་གནད་དོན་དེའི་ཐོག་ལངས་ཕྱོགས་འཁྲེགས་པོ་འཛིན་རྒྱུ་ཡིན་ལུགས་གསུངས་ཡོད་འདུག ཡང་ཚོགས་འདུ་ཐོག་བཅར་བའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཀམ་པོ་དྲེ་ཡའི་ཕྱོགས་འགལ་ཚོགས་པའི་འགོ་འཁྲིད་རྣམ་གཉིས་ནས་ཀྱང་སོ་སོའི་རྒྱལ་ཁབ་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡོད་པ་ངོ་སྤྲོད་གནང་བ་དང་། སྦྲགས་ད་ལྟའི་གནས་སྟངས་མུ་མཐུད་ནས་ཛ་དྲག་ཡོད་པ་ནི་ཕྱོགས་གཅིག་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་གནོན་ཤུགས་ཆེ་ཙམ་སྤྲད་མ་ཐུབ་པའི་རྐྱེན་གྱིས་ཡིན་པའི་དགོངས་ཚུལ་ཤུགས་ཆེ་བཏོན་ཡོད་པ་རེད། གང་ལྟར་ཚོགས་འདུ་དེའི་ཐོག་རྒྱ་ནག་དང་། ར་ཤེ་ཡ། ཨཕ་རི་ཀའི་ཡུལ་གྲུ་ཁག་ཅིག་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ཡིན་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་དེར་ཚང་མས་གདོང་ལེན་ཤུགས་ཆེ་ཙམ་བྱེད་དགོས་ལུགས་དགོངས་ཚུལ་གསུངས་ཡོད་འདུག