ཡོ་རོབ་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་གཉིས་ཀྱིས་བོད་དོན་གླེང་སློང་གནང་འདུག
2017.11.21

ཡོ་རོབ་གྲོས་ཚོགས་ནང་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དང་རྒྱ་ནག་དབར་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་འབྲེལ་ལྷན་ཚོགས་ཐོག་བོད་དོན་གླེང་སློང་གནང་འདུག
ཡོ་རོབ་གྲོས་ཚོགས་ནང་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དང་རྒྱ་ནག་དབར་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་འབྲེལ་ལྷན་ཚོགས་ཐོག་ཡོ་རོབ་གྲོས་ཚོགས་འཐུས་མི་ལྕམ་སྐུ་མོ་ལེ་སི་ཀོཌ་ཀེ་ཏོ་(Molly Scott-Cato)་མཆོག་དང་། ས་བྷ་སོ་གོར་(Csaba Sogor) ་མཆོག་རྣམ་གཉིས་ཀྱིས་བོད་དོན་གླེང་སློང་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་བཅུ་གཅིག་པའི་ཚེས་༡༦་ཉིན་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དང་རྒྱ་ནག་དབར་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་འབྲེལ་ལྷན་ཚོགས་ཐོག ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་(Molly Scott-Cato)་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་པའི་སྐབས་འདིར་ང་ཚོས་ཡུལ་སྐོར་སྤྲོ་འཆམ་ཚོང་འབྲེལ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལས་གལ་ཆེ་བརྩི་དགོས་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་གསུངས་པ་མ་ཟད། པེ་ཅིང་སྲིད་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཞུ་དགོས། ཞེས་ཚོར་ཤུགས་ཆེན་པོས་གསུངས་ཡོད་འདུག
དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སོ་གོར་(Mr Sogor)་མཆོག་གིས་སྐབས་དེར་གྲོས་ཚོགས་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཇི་ལྟར་གཏོང་བཞིན་ཡོད་པ་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་ཚིག་གཅིག་ཀྱང་མ་གླེང་བར་རྒྱ་ནག་གཞུང་དང་ལྷན་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་འབྲེལ་གོང་མཐོར་གཏོང་རྒྱུའི་གོ་སྐབས་སྲུང་བརྩི་བྱ་རྒྱུ་ནི་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཀྱི་གཞི་རྩའི་ལྟ་གྲུབ་སྤྱི་དང་། ལྷག་པར་ཕྱི་འབྲེལ་སྲིད་བྱུས་ཀྱི་ལངས་ཕྱོགས་དང་ཡོངས་སུ་མ་འཚམས་པ་ཞིག་ཡིན་སྐོར་གསུངས་འདུག
གསར་འགོད་པ་འཆི་མེད།