ཡོ་རོབ་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་ཉེས་ཆད་འགེལ་རྒྱུའི་ཐག་གཅོད།
ཡོ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་ཨ་རིའི་ཐག་གཅོད་ལྟར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་མོས་མཐུན་བྱུང་འདུག
འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་ཚོར་ཨ་མི་རི་ཀས་གཏན་འབེབས་གནང་བའི་ཁྲིམས་གཞི་(Magnitsky Act)ཞེས་པ་དེ་ཡོ་རོབ་མཐུན་ཚོགས་ཀྱིས་བེད་སྤྱོད་དང་ཉེས་ཆད་འགེལ་རྒྱུར་ཆོག་མཆན་གནང་ཡོད་འདུག
དེ་ཡང་འདི་ནི་འདི་ཚེས་༧གཟའ་ཟླ་བའི་ཉིན་ཡོ་རོབ་ཀྱི་ཕྱི་འབྲེལ་བློན་ཆེན་རྣམས་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་(Brussels)ནང་ལྷན་འཛོམས་གནང་སྟེ་ཐག་གཅོད་གནང་བ་ཞིག་ཡིན་པ་དང་། ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་གཙོ་འཛིན་(Josep Borrell)ལགས་ཀྱིས་ཐག་གཅོད་འདི་ནི་ལོ་རྒྱུས་ཀྱི་མཚམས་རྟགས་ཀྱི་གྲོས་མཐུན་ཞིག་ཡིན་པ་གསུངས་ཏེ་བསྔགས་བརྗོད་གནང་འདུག
གྲོས་མཐུན་དེས་གཙོ་བོ་འགྲོ་བ་མིའི་ཐོག་ཚེ་གཡོག་སྐུལ་མཁན་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན། ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་མི་གསོད་མཁན། གང་བྱུང་བཙན་བཟུང་གིས་མི་གར་སོང་ཆ་མེད་དུ་གྱུར་འཇུག་མཁན། གང་བྱུང་འཛིན་བཟུང་བཙོན་འཇུག་སོགས་བྱེད་མཁན་ཚོར་ཡོ་རོབ་མངའ་ཁུལ་ནང་ཡོང་རྒྱུའི་མཐོང་ཆན་(Visa)སྤྲོད་རྒྱུར་དམ་བསྒྲགས་བཀག་སྡོམ་གནང་རྒྱུ་དང་། མི་སྒེར་པ་དེ་དག་གི་རྒྱུ་དངོས་ཁག་བེད་མེད་བཟོ་རྒྱུར་དམིགས་ཚད་བཟུང་འདུག་ལ། དེ་བཞིན་མི་ནག་ཚོང་རྒྱག་མཁན་དང་བཙན་གཡེམ་བྱེད་མཁན། ཞི་བའི་ཐོག་ནས་འདུ་འཛོམས་དང་སྨྲ་བརྗོད་རང་དབང་། དེ་བཞིན་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་མཁན་ཚོ་ཡང་ཚུད་འདུག
དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱིས་ཉེས་ཆད་འགེལ་ས་ཁག་དབྱེ་བ་ཕྱེ་རྒྱུའི་བཀའ་བསྡུར་གནང་འགོ་བཙུགས་ཡོད་པ་དང་། ཉེས་ཆད་འགེལ་ས་རིམ་པ་དང་པོའི་ཁོངས་སུ་ཕྱི་ལོ་༢༠༠༩་ལོར་ར་ཤི་ཡའི་ནང་ལྐོག་ཟ་རུལ་སུངས་ལ་ཁ་གཏད་གདོང་ལེན་གནང་མཁན་(Sergei Magnitsky)་བསད་མཁན་ཉེས་ཅན་པ་ཚོ་དང་། ཕྱི་ལོ་༢༠༡༨ལོར་ཝ་ཤིང་པོསིཊ་གསར་འགོད་པ་སའོ་དྷི་ཨ་ར་སྦི་ཡའི་མི་སེར་(Jamal Khosahoggi)དམར་གསོད་གཏོང་མཁན། དེ་བཞིན་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་ཁ་ཆེའི་མི་རིགས་ལ་སྡང་འཛིན་གྱིས་ངལ་རྩོལ་བསྒྱུར་བཀོད་ར་བ་སོགས་ཀྱི་ནང་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པར་འགན་འཁྲི་ཡོད་པའི་རྒྱ་ནག་གི་དཔོན་རིགས་ཁག་མིང་འདོན་གནང་འཆར་ཡོད་འདུག