རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་སློབ་གསོའི་སྲིད་ཇུས་རྣོ་ངར་ཆེ་རུ་གཏོང་གི་འདུག
2020.06.08

རྒྱ་ནག་གཞུང་གིས་བོད་ནང་དང་ལྷག་དོན་གྲྭ་བཙུན་ཁྲོད་ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་རྒྱུའི་སློབ་གསོ་བཏང་ནས་ཆབ་སྲིད་སློབ་གསོའི་སྲིད་ཇུས་རྣོ་ངར་ཆེ་རུ་གཏོང་གི་ཡོད་འདུག
རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེའི་ཀྱིས། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་རྒྱུའི”སློབ་གསོ་ལག་ལེན་བྱེད་སྒོ་མཚམས་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། མི་རིགས་བར་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས་སྐོར་སོགས་བརྗོད་འདུག
ཝུའུ་དབྱིང་ཅེའི་ཡི་གཏམ་བཤད་དེ་བོད་ལྗོངས་གསར་པ་ཞེས་པའི་དུས་དེབ་འདོན་ཐེངས་དྲུག་པའི་ནང་བཀོད་སྤེལ་བྱས་ཡོད་ཅིང་། དེ་ནི་གཙོ་བོ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་རིགས་མཐུན་སྒྲིལ་གོང་མཐོར་གཏོང་བའི་དཔེ་མཚོན་ཁྲིམས་ཡིག་ལག་བསྟར་གྱིས་བོད་བརྒྱུད་ནང་བསྟན་ཁ་བསྒྱུར་བྱེད་ཐབས་སུ་དམིགས་པ་གཙོ་འདོན་བྱས་འདུག
དཔེར་ན། ཝུའུ་དབྱིང་ཅེའི་ཡི་མིང་ཐོག་ནས་སྤེལ་བའི་རྩོམ་ཡིག་དེའི་ནང་། བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་ཀྱི་ནང་“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་རྒྱུའི”སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་ལོ་གཉིས་སོང་བ་དེ་དག་མུ་མཐུད་དུ་དམ་འཛིན་བྱེད་དགོས་ལུགས་བརྗོད་འདུག་ཅིང་། དེ་ནི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་འདས་པའི་ལོ་ངོ་དྲུག་བཅུའི་རིང་བོད་མི་རིགས་ཀྱི་ལྟ་བ་ཁ་བསྒྱུར་བྱེད་པའི་ཆབ་སྲིད་ལས་འགུལ་རྫོགས་རྒྱུ་མེད་པ་ཞིག་སྤེལ་དང་སྤེལ་བཞིན་པ་དེས། རྒྱ་ནག་གི་ངོས་ནས་བོད་མི་རིགས་ལ་ཡིད་ཆེས་མེད་པ་དང་། སྡུག་པོ་གཏོང་ཡུལ། དེ་བཞིན་བོད་བརྒྱུད་ནང་བསྟན་ནི་རྒྱ་ནག་གཞུང་ལ་ཉེན་ཁ་བཟོ་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་མཚོན་གྱི་ཡོད་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ད་དུང་ཝུའུ་དབྱིང་ཅེའི་ཡིས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ་དང་གྲྭ་བཙུན་ཚོའི་ངོས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་བྱེད་དགོས་པ་དང་། བོད་ནི་གནའ་སྔ་མོ་ནས་བཟུང་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་ལུགས་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་གི་རྣམ་ཀུན་འཆར་ཅན་བརྗོད་པ་ལྟར། ཏཱ་ལའི་སྐྱེས་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་དགོས་ལུགས་བརྗོད་འདུག
བོད་ཀྱི་གནད་དོན་ཉམས་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་ཚིག་སྦྱོར་དེ་དག་ནི། དེ་སྔོན་ལོ་རབས་དགུ་བཅུའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་སྐབས་དང་ཧ་ཅང་འདྲ་མཚུངས་ཡོད་པར་མ་ཟད། བོད་མིའི་ཆོས་དད་རང་དབང་བརྡལ་བཤིག་གཏོང་བའི་སྲིད་ཇུས་རྣོ་ངར་ཆེ་རུ་གཏོང་ཐབས་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།