རྡ་སར་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ཀྱི་གསར་འགོད་ལྷན་ཚོགས།

བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྒྱ་ནག་ཏུ་ཐེངས་དགུ་པའི་གྲོས་མོལ་གྲུབ་ཏེ་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་གསར་འགོད་གསལ་བསྒྲགས་ལྷན་ཚོགས།

2010.02.02

༄༅༎བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྒྱ་ནག་ཏུ་ཐེངས་དགུ་པའི་གྲོས་མོལ་གྲུབ་ཏེ་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་གསར་འགོད་གསལ་བསྒྲགས་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། རྒྱ་ནག་གི་དཔོན་རིགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་བྲལ་པ་རེད་ཅེས་བའི་མཚན་དམས་ཞུ་རྒྱུ་མཚམས་འཇོག་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང། སྐལ་བཟང་རྒྱལ་མཚན་ལགས་དང། ཕྱག་རོགས་གཉིས་བཅས་ཕྱི་ཚེས་༡ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གྱིས་བཙན་བྱོལ་བོད་གཞུང་བཀའ་ཤག་ལ་བོད་རྒྱ་འབྲེལ་མོལ་དགུ་པའི་ལས་དོན་ཇི་ལྟར་བྱུང་ཚུལ་སྙན་སེང་ཞུས་པ་དང། དེ་རིང་ཕྱི་ཚེས་གཉིས་ཀྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་གྲུབ་པའི་རྗེས་ཉིན་གུང་ཕྱག་ཚོད་གསུམ་པའི་ཐོག་བཙན་བྱོལ་བོད་གཞུང་གི་བསྟི་གནས་རྡ་ཤོད་གངས་ཅན་སྐྱོད་ཤོངས་སུ་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་ཅིང། གསར་འགོད་གསལ་བསྒྲགས་དེའི་ནང་དུ། ད་རེས་གྲོས་མོལ་དེའི་ཐོག་སྐུ་ཚབ་རྣམ་གཉིས་ཀྱིས་རྒྱ་ནག་གི་སྐུ་ཚབ་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་བྲལ་རིང་ལུགས་པ་རེད་ཟེར་བ་གཞི་རྩ་རྩ་བ་ནས་མེད་པའི་མཚན་དམས་ཞུ་རྒྱུ་མཚམས་འཇོག་བྱས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་མཉམ་རུབ་ཀྱི་ལས་ཀ་བྱེད་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ལུགས་དང། ལྷག་པར་དུ་རྒྱ་ནག་གཞུང་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། བོད་རང་བཙན་རྩོད་ལེན་གནང་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་པའི་གནས་ཚུལ་དེ་དག་བདེན་པ་མིན་པའི་གནས་ཚུལ་དང། དེ་ལས་༸གོང་ས་མཆོག་གི་ལྷན་དུ་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་ཕྱོགས་གཉིས་ཀྱི་ངོས་ལེན་ཐུབ་པའི་ཐབས་ལམ་འཚོལ་གྲུབ་བྱ་དགོས་པའི་སྐོར་ནན་བཤད་བྱས་ཚུལ་གསུངས་ཡོད་པ་རེད། ཡིན་ནའང་ཕྱི་ཚེས་༢ཉིན་གྱི་སྔ་དྲོ་རྒྱ་ནག་ཕྱོགས་ནས་བཤད་དོན་ལ། ད་རེས་ཀྱི་གྲོས་མོལ་དེའི་ནང་ཡར་རྒྱས་ཀྱི་རྣམ་པ་གང་ཡང་བྱུང་མེད་པ་དང། ད་དུང་ཡང་མ་འོངས་པའི་བོད་ཀྱི་གནས་སྟངས་ཐོག་ལ་ཕྱོགས་གཉིས་བར་མུ་མཐུད་མི་མཐུན་པའི་གནད་དོན་ཧ་ཅང་གི་གསལ་པོར་གནས་ཡོད་པའི་སྐོར་བཤད་ཡོད་པ་རེད། ད་རེས་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་དེ་ནི། ཕྱི་ལོ་༢༠༠༢ནས་བོད་རྒྱ་འབྲེལ་མོལ་བསྐྱར་དུ་འགོ་བཙུགས་པ་ནས་བཟུང། བར་ལམ་གྲོས་མོལ་བར་མཚམས་ཆད་པའི་རྗེས་སུ་ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༢༥ཉིན་རྒྱ་ནག་ཏུ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་གྲོས་མོལ་གནང་བར་ཕེབས་ཏེ། ཕྱི་ཟླ་གཉིས་པའི་ཚེས་༡ཉིན་རྒྱ་གར་དུ་ཕེབས་འབྱོར་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎